top of page
29852969_1902467439795277_104802931_n.jpeg

མང་ཐོས་འདུལ་བ་འཛིན་པ་དགེ་བཤེས་ཐུབ་བསྟན་ཚེ་རིང་མཆོག་གི་ལོ་རྒྱུས་སྙིང་བསྡུས།

  • Facebook
  • Twitter
  • LinkedIn
  • Instagram

མང་ཐོས་འདུལ་བ་འཛིན་པ་དགེ་བཤེས་ཐུབ་བསྟན་ཚེ་རིང་མཆོག་གི་ལོ་རྒྱུས་སྙིང་བསྡུས།

རྗེ་བཙུན་བླ་མ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
རབ་འབྱམས་རྒྱལ་ཀུན་འདུས་ཞལ་ཟ་མ་ཏོག།།
ཡོན་ཏན་མ་ལུས་འབྱུང་གནས་དྲིན་ཅན་རྗེ།།
བཤེས་གཉེན་ཐུབ་བསྟན་ཚེ་རིང་དཔལ་བཟང་པོའི།།
མཛད་པའི་རྣམ་ཐར་སྙིང་བསྡུས་དགོད་པར་བྱ།།

 

དེ་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ནི། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས། བདེ་བ་འདོད་ཀྱང་བདེ་བའི་རྒྱུ་སྒྲུབ་མི་ཤེས་པ་དང་། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་སྤོངས་མི་ཤེས་པར། ཐོག་མ་མེད་པ་ནས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིའི་ནང་ལྷུང་བའི་སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དང་། སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་སྤྲུལ་བའི་རོལ་གར་བསམ་གྱིས་མི་ཁྱབ་པ་སྟོན་ནས་འགྲོ་བའི་དོན་མཛད་པ་དེ་བཞིན་དུ། དམ་པ་འདི་ཡང་བདག་ཅག་རྣམས་ཀྱི་ཁམས་དང་། མོས་པར་འཚམས་པའི་བསོད་ནམས་ཀྱི་བགོ་སྐལ་དུ་ཤར་བ་བསླབ་གསུམ་རྣམ་པར་དག་པའི་རྒྱན་གྱིས་མཛེས་ཤིང་། མཁས་པའི་ཡོན་ཏན་མདོ་སྔགས་རིག་གནས་དང་བཅས་པར་ཡང་རྩེར་སོན་ཞིང་། བཙུན་པའི་ཡོན་ཏན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྨོས་ཅི། སོ་ཐར་བྱང་སེམས་གསང་སྔགས་དང་བཅས་པའི་སྲུང་བྱ་མཐའ་དག་མིག་འབྲས་བཞིན་བསྲུངས་ཏེ་ཉེས་སྤྱོད་ལས་ཡོངས་སུ་བཙུན་པ། བཟང་པོའི་ཡོན་ཏན་རང་རྒྱལ་གཞན་ཕམ་དང་ཆོས་ལུགས་ཕྱོགས་རིས།

ལུང་ཚན་འཐེན་འཁྱེར་སོགས་ཆགས་སྡང་གི་བྱ་བ་མཐའ་དག་དུག་བཞིན་དུ་སྤངས་ཏེ། རང་ལས་གཞན་གཙོ། ད་ལྟ་ལས་མ་འོངས་གཙོ། ཚེ་འདི་ལས་ཕྱི་མ་གཙོ་བོར་མཛད་པའི་དགེ་བའི་བཤེས་གཉེན་གསེར་གྱི་རི་བོ་ལྟ་བུ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཚུངས་མེད་དགེ་བཤེས་ཐུབ་བསྟན་ཚེ་རིང་དཔལ་བཟང་པོ་མཆོག་སྟེ། དམ་པ་འདི་ཉིད་ཕྱི་ལོ། ༡༩༣༤ ལོར་གངས་ལྗོངས་ཆོས་ལྡན་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་ལྡན་གྱི་ཞིང་མཆོག་ར་ས་དགའ་བཞིའི་འཕྲུལ་སྣང་གཙུག་ལག་ཁང་གི་ཤར་ཕྱོགས་ཉིན་ལམ་གསུམ་གྱི་ས་མལ་དྲོ་གུང་དཀར་རྫོང་གི་མངའ་ཁོངས་སུ་གཏོགས་པ་མལ་དྲོ་དམར་ཆུའི་ཕ་རོལ་རྩེ་ཉེ་སྨད་ཟིམ་པ་ཁྲལ་འཛིན་གསར་པ་ཞེས་པའི་ཁྱིམ་དུ་ཡབ་བསོད་ནམས་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། མ་འཁྲུངས་གོང་ཡུམ་གྱི་མནན་ལམ་དུ་ཀླུ་མལ་དྲོ་གཟི་ཕྱིན་ནས་བུ་ཞིག་སྤྲད་པར་རྨིས་པ་དང་། འཁྲུངས་པའི་སྐབས་སུ་བུ་རང་འཁྲུངས་པར་བརྟེན། ཡུམ་གྱིས་བུའི་མིང་ལ། སྤྲད་བུ། ཞེས་བཏགས། འཁྲུངས་ནས་ལོ་གཅིག་དང་ཕྱེ་ཙམ་ལ་སྐད་ཆ་ཤོད་ཐུབ་ཀྱི་མེད་ཀྱང་། སྐབས་དེར་ཡབ་ཡུམ་གྱིས་ལྷ་སར་གཙུག་ལག་ཁང་དུ་མཆོད་མཇལ་འཁྱེར་སྐབས་སྔོན་གྱི་བག་ཆགས་དབང་གིས་ཁྱིའུས་ཀ་ཞེས་གསུངས། དགུང་གྲངས་དགུ་བར་ཁྱིམ་དུ་ཡབ་ཀྱིས་ཡི་གེའི་ཕྱི་མོ་དང་། སྦྱོར་ཀློག་རྣམས་རིམ་པར་བསླབ། གྲུང་པོ་དང་། བུ་རིག་པ་བཟང་པོ་ཡོད་སྟབས་ཡབ་ཡུམ་གཉིས་ནས་ཆོས་སྒོར་བཅུག་རྒྱུར་ཐུགས་འདུན་བྱུང་སྟེ། ཕྱི་ལོ། ༡༩༤༣ ལོར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གདན་ས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཁང་ཚན་བཅུ་གཅིག་གི་ནང་ཚན་དགའ་ཤར་ལྷོ་པ་ཁང་ཚན་དུ་དགེ་བཤེས་རྒན་ཆོས་དར་ལགས་ཞུ་བ་དེའི་དགེ་ཕྲུག་གནང་། བར་པ་རབ་བྱུང་གི་སྡོམ་པ་བཞེས།

 

གྲྭ་ཚང་གི་འདོན་ཁ་ཁྲལ་ཆོས་སྤྱོད་འཁོར་བཅས་ཐུགས་འཛིན་གནང་། དགུང་གྲངས་བཅུ་གཉིས་ཙམ་ནས་ཕུ་ཁང་དགེ་བཤེས་བློ་བཟང་ཆོས་འཕེལ་དང་། ཉག་རེ་དགེ་བཤེས་བློ་བཟང་བསྟན་པ་སོགས་གཙོ་བོར་བསྟེན་ནས། ཁ་དོག་དཀར་དམར་ནས་དབུ་འཛུགས་ཀྱིས་རིགས་ལམ་ཆེ་འབྲིང་ཆུང་གསུམ་གྱི་བསྡུས་ཚན་མཐའ་དག་ལ་བྱང་ཆུབ་པར་མཛད། དེ་ནས་རྣམ་འགྲེལ་དང་། ཕར་ཕྱིན་ལ་རིམ་བཞིན་ཐོས་བསམ་སློབ་གཉེར་གནང་། གྲྭ་ཚང་ཚོགས་ཡོངས་སུ་རྣམ་འགྲེལ་རྩ་བ་ཚོགས་རྒྱུགས་ཕུལ། སྐབས་དེར་དགུང་གྲངས་བཅོ་བརྒྱད་ཙམ་ལས་ཕེབས་མེད་ཀྱང་ཕར་ཕྱིན་གཞུང་གསར་འཛིན་གྲྭར་སློབ་གཉེར་གནང་བཞིན་པའི་སྐབས་ནས་གཤམ་འོག་སློབ་གཉེར་བ་རྣམས་ལ་དཔེ་འཁྲིད་གནང་ཐུབ་པའི་མཁྱེན་ཡོན་དང་། གཞན་ཕན་གྱི་ལྷག་བསམ། སློབ་མར་ཐུགས་བརྩེ་བཅས་གསུམ་འཛོམས་ཀྱིས་རྟག་ཏུ་དཔེ་ཁྲིད་ཁག་མང་གནང་། དབུ་མ་འཛིན་གྲྭ་མ་ཐོན་བར་སློབ་གཉེར་བ་ཚང་མས་གྲྭ་ཚང་དུ་དབུ་ཕར་དང་། རྣམ་འགྲེལ་སོགས་ཀྱི་རྩ་བ་དང་དེ་དག་གི་འགྲེལ་པ་རྒྱ་གར་པཎྟི་ཏའི་གསུང་དང་། རྗེ་ཡབ་སྲས་ཀྱི་གསུང་། གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་ཡིག་ཆ་རྣམས་བློ་འཛིན་རྒྱུགས་སྤྲོད་ཕུལ་སྲོལ་ཡོད་པ་ལྟར། དམ་པ་འདིས་རྩ་འགྲེལ་ཡིག་ཆ་ཤོག་གྲངས་སྟོང་ཕྲག་ལྷག་ཐུགས་འཛིན་རྒྱུགས་སྤྲོད་ཀྱིས་ལོ་མང་ཨང་དང་པོའི་བྱ་དགའ་ཤ་སྟག་བཞེས། ༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགའ་ལྡན་དུ་གྲྭ་སྐོར་མཚན་རྟགས་བཞེས་སྐབས་དམ་པ་འདི་ཉིད་རྟགས་བསལ་ཕུལ་མཁན་མཁས་པའི་གྲས་སུ་ཚུད།

 

ཕྱི་ལོ། ༡༩༨༩ ལོར་བོད་ལྗོངས་ཆོས་ལྡན་གྱི་ཞིང་དུ་རྒྱ་དམར་ཀླ་ཀློས་འཚེ་བས་དུས་འགྱུར་བྱུང་སྐབས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཕེབས་རྗེས་སུ་རྒྱ་གར་དུ་བཙན་བྱོལ་ཕེབས་ཏེ། སྦག་ས་ཆོས་སྒར་ཐོས་བསམ་ཐར་འདོད་གླིང་དུ། མདོ་དང་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་རྒྱ་མཚོ་ལ་མངའ་བརྙེས་པ། མཁས་དབང་ཡོངས་ཀྱི་གཙུག་རྒྱན་༸སྐྱབས་རྗེ་ཟོང་རིན་པོ་ཆེ་དང་། གདན་སའི་མཁན་བླ་རྣམས་ཀྱིས་དབུས་རིས་མེད་ཆོས་ལུགས་བཞིའི་བསྟན་པའི་མེ་རྩ་འཛིན་པའི་ཆོས་བྱེད་སྟོང་ལྔ་བརྒྱ་ཟུར་སྐྱོང་གནང་བའི་ཁོངས་སུ་ཕེབས་ཏེ། མཛོད་དང་། འདུལ་བར་ཐོས་བསམ་སློབ་གཉེར་ཕུ་ཐག་ཆོད་པ་གནང་བའི་ཞོར་དུ་གཤམ་འོག་སློབ་མ་རྣམས་ལ་དཔེ་ཁྲིད་སྔར་བཞིན་གནང་། བོད་དང་འཕགས་ཡུལ་སོགས་སུ་བཤེས་གཉེན་དམ་པ་རྣམས་ཀྱི་དྲུང་ནས་དབང་ལུང་ཟབ་ཁྲིད་ཇི་ཐོབ་ཀྱི་བརྗེད་ཐོ་རག་རིམ་འགོད་པ། ཞེས་པའི་དེབ་ཆུང་ནང་གསལ་ལྟར་ན། ༸གོང་ས་ཟླ་མེད་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཞལ་སྔ་ནས། ནོར་གླིང་ཕོ་བྲང་དུ་ལམ་རིམ་བསྡུས་དོན་གྱི་ཁྲིད་ལུང་། ཡི་དམ་ལྷ་བཅུ་གསུམ་གྱི་དབང་ཆེན། དགའ་ལྷ་དང་འབྲེལ་བའི་དམིགས་བརྩེ་མའི་ཁྲིད་ལུང་། རྗེའི་བསྟན་པ་དང་འཇལ་བའི་སྨོན་ལམ་སོགས་བཀའ་དྲིན་རྒྱ་ཆེ་ཐོབ། བོད་ས་ཕག་ཟླ ༡༠ ཚེས་༧ལ་རྡོར་གདན་དུ། ཡོན་ཏན་གཞི་གྱུར་མའི་བཀའ་ཁྲིད། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྟ་གོན་དང་དབང་ཆེན་ཆབས་སྦྲགས། ངན་སོང་ཀུན་གྲོལ་གྱི་རྗེས་གནང་། སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། འཕགས་བསྟོད་བཅས་ཀྱི་ལྗགས་ལུང་ཐོབ། ཕྱི་ལོ། ༦༨ ཟླ་༡ ཚེས་༨ ལ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་། བློ་སྦྱོང་ཚིག་བརྒྱད་མའི་ཁྲིད་ལུང་། བདེན་གསོལ་སྨོན་ལམ་དང་། བྱང་ཆུབ་ལམ་སྒྲོན་གྱི་ལུང་བཅས་བཀའ་དྲིན་ཐོབ།

 

ཕྱི་ལོ། ༦༨ ལོར་ཝཱ་རཱ་ཎ་སཱིར་མ་ཎིའི་ལྗགས་ལུང་དང་། རྡ་ས་གཞུགས་སྒར་ཕོ་བྲང་དུ་བྱང་ཆུབ་ལམ་རིམ་ཆེན་པོའི་སྐྱེས་བུ་ཆེན་པོའི་སྐོར་མན་ཆད་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དབང་ཆེན། རྗེ་ཚེ་འཛིན་མའི་ཚེ་དབང་བཅས་བཀའ་དྲིན་ཐོབ། ༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་ཞལ་སྔ་ནས་བོད་ས་ཕག་༡༠ བའི་ནང་སྦག་ས་ནས་ཡོན་ཏན་གཞི་གྱུར་མའི་ཁྲིད་ལུང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆེན། རྣལ་འབྱོར་མའི་རྗེ་གནང་། རྒྱན་འཇུག་གཉིས། འཇམ་དཔལ་མཚན་བརྗོད། རྟེན་འབྲེལ་བསྟོད་པ། དགའ་ལྷ། བླ་མཆོད། གང་བློ་མ། ༸རྒྱལ་བའི་ཞབས་བརྟན། ལམ་གཙོ། མ་ཎི། སྤྱན་རས་གཟིགས་ཀྱི་གཟུངས་རིང་བཅས་ཀྱི་ལུང་ཐོབ། ཡང་ཟླ་༡༡ ཚེས་ལ་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་གྲོལ་གྱི་རྗེས་གནང་། སྒྲོལ་དཀར་ཚེ་དབང་། དབུ་མ་རྩ་ཤེས་ལུང་དང་། རིགས་ཚོགས་གཞན་ལྔ་རྟེན་འབྲེལ་ཡིན་གསུངས་ནས་དབུ་བཙུག་ཙམ་རེ་གནང་། ཕྱི་ལོ་༦༨ ལོར་རྡ་ས་བཞུགས་སྒར་ནས་༸རྒྱལ་མཆོག་ལྔ་པས་མཛད་པའི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་གི་སྟེང་ནས་དགའ་ལྷའི་ཟབ་ཁྲིད་དང་། ཐེག་ཆེན་གསོ་སྦྱོང་བཅས་བཀའ་དྲིན་ཐོབ།
༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་གི་ཞལ་སྔ་ནས། བོད་དུ་དགའ་ལྷ་དང་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས། རྣལ་འབྱོར་མའི་དབང་དང་ཟབ་ཁྲིད་རྒྱས་བ་སོགས་ཞུས། སྦག་ས་ནས་བོད་ལྕགས་ཁྱི་ཟླ་༡༠ ཚེས་ལ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཆེན། རྣལ་འབྱོར་མའི་དབང་དང་བདག་བསྐྱེད། ཚོགས་མཆོད་ལུང་། དྲག་པོ་གསུམ་སྦྲེལ་གྱི་རྗེས་གནང་། ཚེ་དབང་། སྒྲོལ་མ་ཙིཏྟ་མ་ཎིའི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རྗེས་གནང་། བླ་མཆོད་ཁྲིད་ལུང་བཅས་བཀའ་དྲིན་ཐོབ། ཕྱི་ལོ་༦༨ ལོར་རྡ་ས་བཞུགས་སྒར་དྭགས་པོ་བླ་མ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་གྱི་ཞབས་བརྟན་དང་ལམ་གཙོའི་རྩ་བ་ལྗགས་ལུང་བཀའ་དྲིན་ཐོབ།

༸སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་ཞལ་སྔ་ནས་བོད་དུ་བླ་མ་མཆོད་པའི་ཟབ་ཁྲིད་རྒྱས་པ་སོགས་དང་། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་ཡང་རིམ་བཞིན་ཞུས། དཔའ་གཅིག་གི་དབང་ཆེན་དང་འདུལ་བའི་བཤད་ཁྲིས་ཞུས། བོད་ས་ཕག་ཟླ་༡༡ ཚེས་ནས་བཟུང་སྦག་སར་ཐེག་ཆེན་གསོ་སྦྱོང་སྡོམ་པ་དང་ཟས་མཆོད་ཆོ་ག་ཞུས། འབོག་ཆོག་གི་ལུང་བསྩལ། རྡོར་སེམས་སྒོམ་ཟླས་དང་། དམ་རྡོར་སྒོམ་ཟླས། དྲུག་ཅུ་མའི་ཆོ་ག་བཅས་ཁྲིད་ལུང་། ལེགས་བཤད་སྙིང་པོའི་བཤད་ལུང་། ཆོས་རྒྱལ་རྐྱང་སྐུམ་མ། འདུལ་བ་རྒྱ་མཚོ། སྡོམ་པ་ཉི་ཤུ་བཅས་ཀྱི་ལུང་། སྡོམ་གསུམ་བསླབ་བྱ། དགའ་ལྷ་རྒྱས་པ་ལུང་ཁྲིད། རྗེའི་བསྟན་པ་དང་མཇལ་བའི་སྨོན་ལམ། ལམ་རིམ་བསྡུས་དོན་ལུང་། དྲག་པོ་གསུམ་སྤྲེལ་གྱི་དབང་བྱིན་དང་། དཔའ་གཅིག་དབང་ཆེན། སྒྲོ་དཀར་ཆེ་དབང་ཐོབ། ཆུ་ཡོས་ཟླ་༢ ཚེས་༢༤ ལ་གདུགས་ཤེར་སེར་གསུམ་དང་། འཕགས་བསྟོད། གནས་ས་འཛིན། རྗེའི་བསྟན་པ་དང་མཇལ་བའི་སྨོན་ལམ་རྒྱས་པ། གནས་བཅུ། ༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཉིད་ཀྱིས་མཛད་པའི་བདེ་མཆོག་དང་འབྲེལ་བའི་བླ་མའི་རྣལ་འབྱོར། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས། གཟུངས་ཆེན་སྡེ་ལྔ། ལྷ་མོའི་གཏོར་འབུལ། མགོན་ཆོས་ལྔའི་བསྐང་བཤགས་ཆ་ཚང་། རྣམ་རྒྱལ་གཟུངས་རིང་བཅས་ལྗགས་ལུང་བཀའ་དྲིན་ཐོབ། ཡང་ཟླ་༤ ཚེས་ལ་བདེ་མཆོག་དྲིལ་བུ་ལྷ་ལྔ་དང་། འཇིགས་བྱེད་ལྷ་བཅུ་གསུམ། རྟ་མགྲིན་གསང་སྒྲུབ་བཅས་ཀྱི་དབང་ཆེན། སྒྲོལ་མ་ཙིཏྟ་མ་ཎིའི་ལུས་དཀྱིལ་གྱི་དབང་བཅས་བཀའ་དྲིན་ཐོབ། ཡང་ཟླ་༧ ཚེས་ལ་བདེ་མཆོག་ལཱུ་ཨི་པའི་དབང་ཆེན་ཐོབ། ཟླ་༩ ཚེས་༢༢ ནས་བཟུང་དགའ་ལྷ་རྒྱས་པའི་ཟབ་ཁྲིད་དང་། མྱུར་ལམ་དམར་ཁྲིད་དང་། བདུད་རྩིའི་སྙིང་པོ་གཉིས་ཀྱི་སྟེང་ནས་བྱང་ཆུབ་ལམ་རིམ་གྱི་ཟབ་ཁྲིད་བཀའ་དྲིན་ཐོབ། ཤིང་འབྲུག་ཟླ་༦ ཚེས་ལ་དཔའ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བསྐྱེད་རྫོགས་ཟབ་ཁྲིད། བདེ་མཆོག་ལཱུ་པ་དང་། འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཆེན་དང་། ཇ་མཆོད་འདྲེན་པ་མཉམ་མེད་དང་། ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་ལྗགས་ལུང་བཅས་ཐོབ།

བོད་རྒྱལ་ལོ་༢༠༩༢ ཤིང་སྦྲུལ་ཟླ་༣ ཚེས་༧ ལ་དཔལ་ལྡན་ལྷ་མོའི་རྗེས་གནང་དང་། རྗེ་ཚེ་འཛིན་མའི་ཚེ་དབང་བཅས་བཀའ་དྲིན་ཐོབ། ཕྱི་ལོ་༦༨ ཟླ་ཚེས་ལ་སྒྲོལ་མ་ཙིཏྟ་མ་ཎིའི་རྗེས་གནང་བཀའ་དྲིན་ཐོབ། ༸སྐྱབས་རྗེ་ཕ་ར་རྡོ་རྗེ་འཆང་གི་ཞལ་སྔ་ནས་སེམས་བསྐྱེད་ཆོ་ག་དང་། གསང་བདེ་འཇིགས་གསུམ་གྱི་དབང་ཆེན། དུས་འཁོར་དབང་ཆེན་བཅས་བཀའ་དྲིན་ཐོབ། ཆུ་སྟག་ལོར་སྦག་ས་ནས་དྲག་པོ་གསུམ་སྦྲེལ་གྱི་དབང་དང་། བདག་བུམ་ཆོ་ག་ལུང་ཐོབ།
རྫེ་སྨད་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས། ཕར་སྤྱི་དང་འགྲེལ་བ་དོན་གསལ་གྱི་ལུང་བཅས་བཀའ་དྲིན་ཐོབ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། སྟག་ཕུའི་དག་སྣང་བཅུ་གསུམ་ཐོབ།
འབྲས་བློ་གླིང་དགེ་ཡེ་ཤེས་བློ་ལྡན་རིན་པོ་ཆེའི་ཞལ་སྔ་ནས་ཕར་ཕྱིན་སྤྱི་དོན་སྟེང་ནས་བཤད་ ཁྲིད་དང་ཀུན་གཞི་ཁྲིད། དྲག་པོ་གསུམ་སྦྲེལ་གྱི་རྗེས་གནང་སོགས་བཀའ་དྲིན་ཐོབ། དྲང་ངེས་ལེགས་བཤད་སྙིང་པོའི་ལྗགས་ལུང་། པཎ་ཆེན་གྲུབ་མཐའི་བཤད་ཁྲིད། ཉིན་ཞག་ཕྲུགས་གཅིག་རྒྱས་པའི་ལུང་། སྒྲོལ་མ་ཙི་ཏྟ་མ་ཎིའི་དབང་དང་། ལས་ཚོགས་ཕལ་ཆེར་གྱི་ལུང་། སེམས་བསྐྱེད་ཆོ་ག་བཀའ་དྲིན་ཐོབ། དགའ་ཤར་མཁན་རིན་པོ་ཆེ་བློ་བཟང་ཆོས་འཕེལ་ཞལ་སྔ་ནས་རྣམ་འགྲེལ་བཤད་ཁྲིད། ཕར་ཕྱིན་བཤད་ཁྲིད། ལེགས་བཤད་སྙིང་པོའི་བཤད་ཁྲིད། ཀུན་གཞིའི་བཤད་ཁྲིད། དགོངས་པ་རབ་གསལ་གྱི་སྟེང་ནས་དབུ་མ་བཤད་ཁྲིད་བཅས་བཀའ་དྲིན་ཐོབ། རྟ་མགྲིན་གྱི་རྗེས་གནང་སྩལ། ཆུ་ཡོས་ཟླ་༤ ཆེས་ལ་མཛོད་ཀྱི་བཤད་པ་རྒྱས་པ་གནང་རྗེས་ཁྲིད་ལུང་གོ་ཆོད་ཀྱི་རེད་གསུངས་ནས་ལྗགས་ལུང་བཀའ་དྲིན་སྩལ། འདུལ་མ་རྨ་སྡོམ་བཤད་ཁྲིད་བཀའ་དྲིན་ཐོབ།
བློ་གླིང་མཁན་རིན་པོ་ཆེ་པདྨ་རྒྱལ་མཚན་གྱིི་ཞལ་སྔ་ནས་རྣམ་འགྲེལ་རྩ་བ་ལུང་སྩལ། ཡང་ཆུ་ཡོས་ཟླ་༤ ཚེས་ལ་དྲང་ངེས་ལེགས་བཤད་སྙིང་པོ་དབུ་མའི་སྐོར་བཤད་ལུང་ཆ་ཚང་ཐོབ།

ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་གྱི་ཞལ་སྔ་ནས་དྲང་ངེས་ལེགས་བཤད་སྙིང་པོའི་བཤད་ཁྲིད་རྒྱས་པ་སྩལ། ཕྱི་ལོ་༦༨ ལོར་ཀུན་གཞི་རྩ་འགྲེལ་བཤད་ཁྲིད་དང་། རྩ་ཤེས་ཊིཀ་ཆེན་རབ་བྱེད་བཅུ་པ་མན་བཤད་ཁྲིད་བཀའ་དྲིན་ཐོབ། རྗེས་སུ་ཌལ་ཧོར་ནས་རྩ་ཤེས་ཡངས་རྗོགས་ཁྲིད་ལུང་བཀའ་དྲིན་ཐོབ་ཅིང་། ཡང་འདུལ་བ་མདོ་རྩ་བའི་ཁྲིད་ལུང་ཡང་བཀའ་དྲིན་ཐོབ། ཕྱི་ལོ་༧༥ ལོར་སཱ་ར་ན་ཐར་ས་བཅད་ཀྱི་ཐོག་ནས་རྣམ་རྩའི་བཤད་ལུང་དང་། ༧༨ ལོར་དབུ་མ་དགོངས་པ་རབ་གསལ་གྱི་བཤད་ལུང་བཀའ་དྲིན་ལེགས་པར་ཐོབ་ཅེས། དམ་པ་ཉིད་ཀྱིས་ཕྱག་བསྟར་མའི་ལུང་ཐོ་དེའི་མཇུག་ཏུ་༧རྒྱལ་མཆོག་ཡབ་སྲས་གསུམ་གྱི་དབུས་ཆོས་འབྲེལ་དངོས་ཐོབ་ཀྱི་རྩ་བའི་བླ་མ་ཞལ་གྲངས་སེམས་བསྐྱེད་ཀྱི་གྲངས་དང་མཉམ་པ་རྣམས་ཀྱི་བཀའ་དྲིན་དྲན་ཕྱིར་མཚན་ཐོ་ཞིབ་གསལ་དང་། མཇུག་ཏུ་དཔལ་ལྡན་བླ་མའི་ཞེས་སོགས་ཤློ་ཀ་གཅིག་གི་མཐའ་བརྟན་གནང་འདུག་པར་བརྟེན། དམ་པ་འདིས་གོང་དུ་གསན་ཡིག་ཏུ་འཁོད་པ་རྣམས་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཐུན་མོང་མ་ཡིན་པའི་བཀའ་སྲོལ་ལམ་གྱི་རྩ་བ་བཤེས་གཉེན་གརྟེན་པའི་ཙུལ། བསྟན་ནས་བློ་ཇི་ལྟར་སྦྱང་བ། ཞེས་ཇི་སྐད་གསུངས་པ་ལྟར་དགེ་བའི་བཤེས་གཉེན་དེ་དག་བསམ་སྦྱོར་གཉིས་ཀྱིས་སྒོ་ནས་ཚུལ་བཞིན་བསྟེན་ནས་བསྟན་པ་དང་འགྲོ་བའི་ཆེད་དུ་ཐོས་དོན་སྒྲུབ་པ་ལ་གཞོལ་བར་མཛད།

ཕྱི་ལོ། ༦༧ ལོར་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་རང་གཞུང་ནས་མ་སུ་རིར་རིས་སུ་མ་ཆད་པའི་ཆོས་རྒྱུད་རྣམས་ཀྱི་མཁས་དབང་མང་པོ་བསྡུ་རུབ་ཀྱིས་གཙུག་ལག་སློབ་དཔོན་ཆེན་པོའི་འོས་སྦྱོང་ཟབ་ཁྲིད་གནང་ཁོངས་སུ་དམ་པ་འདི་ཡང་ཕེབས། དེ་རྗེས་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོར་ལོ་གསུམ་རིང་ཨ་ཙ་རྱའི་སློབ་སྦྱོང་སྒྲུབ་རྗེས་རྡ་སར་གདན་གསུམ་མཁས་མང་ལྷན་ལྷ་རམས་རྩོད་རྒྱུགས་དང་། དེའི་ཕྱི་ལོར་རྒྱ་གར་ལྷོ་ཕྱོགས་གདན་ས་དགའ་ལྡན་དུ་དགའ་འབྲས་གཉིས་ཆོ་འཕྲུལ་སྨོན་ལམ་མཉམ་ཚོགས་སུ་ལྷ་རམས་ཨང་དང་པོའི་དམ་བཞེས་གནང་། དེ་རྗེས་ཌལ་ཧོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས ༧༣ ལོར་སྔགས་རམས་དམ་བཅའ་འཇོག་གནང་མཛད།

དེའི་རྗེས་རྒྱལ་བ་ཤཱཀྱ་ཐུབ་པས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་ཡུལ་ཝཱ་ར་ཎ་སཱིར་བོད་ཀྱིི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་དགེ་རྒན་་མཚན་བཤེས་གནང་བ་དེ་ནས་བཟུང་སྐུ་ཚེའི་མཐའ་ལ་མ་ཐུག་བར། སྒྲིག་གསལ་འཛིན་གྲྭ་དཔེ་ཁྲིད་སོགས་གནང་རྒྱུ་སྨོས་ཅི། གཟིམ་ཤག་ཏུ་སྔ་དགོངས་བར་སེང་ནམ་བྱུང་ལ་ས་དགེ་བཀའ་རྙིང་རིས་སུ་མཆད་པའི་སློབ་ཕྲུག་དོན་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་རྒྱུ་སྐུ་ངལ་ལྷུར་བཞེས་ཀྱིས་ཐུགས་དགྱེས་པའི་ངང་ནས་སློབ་མའི་ཁམས་དང་མོས་པར་འཚམས་པའི་གཞུང་དོན་གསལ་ལ་གོ་བདེ་བ། ངེས་ཆ་ཆེ་ལ་ཁྲིད་སྟངས་མཁས་པ་སོགས་སྐྱེས་བུ་དམ་པའི་རང་རྟག་མཀྱེན་བརྩེ་དང་མཛད་སྤྱོད་ལ་བསྔས་བརྗོད་ཀྱ་མེ་ཏོག་མ་གཏོར་མཁན་སུ་ཡང་མེད། དེ་ཡང་མདོ་སྡེ་རྒྱན་ལས། བཤེས་གཉེན་དུ་བ་ཞི་བ་ཉེར་ཞི་བ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། ལུང་རྟོགས་ཡོན་ཏན་རབ་ཏུ་ཕྱུག་ཅིང་།

welcome to Gashar Lhopa offical Website.

གཞན་རྒྱུད་སྨིན་པར་བྱེད་པའི་བསྡུས་དངོས་བཞི་ལ་དབང་འབྱོར་བ་སལོགས་བརྟེན་བྱ་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ཡོངས་སུ་ཚང་བ། ༧སྤྱི་ནོར་༧གོང་ས་མཆོག་གི་ཅི་གསུངས་པ་བཀའ་བཟིན་སྒྲུབ་ཅིང་། བོད་གཞུང་དང་མི་མང་གི་སྲིད་ཞུའི་སླད་དུ་སྐུ་སྲོག་ལའང་མི་ལྟས་པའི་དགེ་བའི་བཤེས་གཉེན་དེ་ཉིད་སྐུ་ན་བགྲེས་པོ་མིན་ཡང་། གདུལ་བྱའི་བསོད་ནམས་ཀྱིས་མ་ཆུན་པ་ལྟ་བུས། ཕྱི་ལོ་༨༦ ཙམ་ལ་རྩ་གར་གྱི་སྙན་མནར་ལྟ་བུར་འཕགས་བོད་ཀྱི་སྨན་པ་མཁས་པ་འདྲ་མིན་བསྟེན་གཏུགས་གནང་ཡང་ཕན་བསྐྱེད་མ་བྱུང་སྟབས་ཚ་ཡོལ་དང་འཕྲོད་བསྟེན་ཆབས་ཅིག་མོན་གྷོ་དགན་ས་དགའ་ལྡན་དུ་ཕེབས་ནས་སྨན་བཅོས་གནང་ཡང་ཕན་བསྐྱེད་མ་བྱུང་སྟབས། ཕྱི་ལོ། ༨༨ ལོར་ལྡི་ལིར་ཕེབས་ནས་སྨན་ཁང་དྲག་གྲས་ཤིག་ཏུ་བསྟེན་ཏེ་བཅོས་ཐབས་གནང་ཡང་ཕན་བསྐྱེད་མ་བྱུང་བར་ལོ་དེའི་ཕྱི་ཟླ་༤ ཚེས་ ༡༧ ཉིན་སྨན་ཁང་དེར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏེ་གཞི་བྱེས་ཀུན་ཏུ་གནས་པའི་དམ་པ་གང་གི་སྐུ་ཉེ་ལྟོས་བཅས་དང་སློབ་མ་རྣམས་མྱ་ངན་གྱི་ཚོར་བ་དྲག་པོས་ཡངས་སུ་གནས་པའི་དམ་པ་གང་གི་སྐུ་ཉེ་ལྟོས་བཅས་དང་སློབ་མ་རྣམས་མྱ་ངན་གྱི་ཚོས་བ་དྲག་པོས་ཡོངས་སུ་ནོན་བཞིན་པ་ནས་དགོངས་རྫོགས་མཆོད་འབུལ་དང་སླར་ཡང་བསྟན་པ་དང་འགྲོ་བའི་མགོན་དུ་ཡང་སྲིད་ཅིག་ཕེབས་ཐུབ་ན་ཅི་མ་རུང་སྙམས་པའི་རེ་བ་སྙིང་དུ་བཅང་སྟེ། ཞབས་རིམ་དང་མོ་ལུང་གསུང་རྟགས་སོགས་བོད་ཀྱི་ནང་པའི་ཆོས་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་གོམས་གཤིས་སྲོལ་བཟང་བཞིན་ཞུངས་འབྲས་ཡང་སྲིད་ཕེབས་སྟངས་ནི། ༼འདི་འོག་ནས་གཟིགས་འདོད་ན་སྐུ་ཞབས་བསྟན་འཛིན་ཚེ་རིང་གི་ལོ་རྒྱུས་ནང་གསལ་ཡོད་པ་དེར་གཟིགས་རོགས།༽

Contact

I'm always looking for new and exciting opportunities. Let's connect.

123-456-7890 

bottom of page