top of page

བོད་ས་མ་ཤོར་གོང་གི་འཛིན་སྐྱོང་སྐོར།

འཛིན་སྐྱོང་སྡེ་ཚན་ཁག་གི་ལས་བྱེད་སྤྱི་ཁྱབ་ཀྱི་ལྟ་རྟོག་པ་ཁང་ཚན་རྒན་གཅིག དབུ་མཛད་གཅིག ཁང་ཚན་གྱི་གཉེར་པ་གཉིས། བླ་སྤྱི་གྲྭ་ཚང་གི་གཏོར་རྩའི་སྐྱེད་ཆ་བདག་ཉར་བྱེད་མཁན་སྤྱི་པ་མི་གཉིས། དངུལ་གཉེར་མི་དྲུག གལ་ཆེའི་སྐབས་ཁང་ཚན་ཚོགས་འདུའི་ཐོག་ལས་བྱེད་མི་གཉིས་ཙམ་ཟུར་སྣན་གནང་གི་ཡོད། དེ་དག་གི་བྱེད་སྒོ་རྣམས་རིམ་བཞིན་བརྗོད་ན། ཁང་ཚན་དགེ་རྒན་གྱིས་ཁང་ཚན་ཕྱི་ནང་བར་གསུམ་གྱི་བཅའ་དངོས་རིགས་བདག་ཉར་དང་། ཚོགས་འདུ་རྒྱས་བསྡུས་གང་འཚོགས་དང་། གྲྭ་ཚང་དང་ཁང་ཚན་གྱི་ཁྲིམས་དང་སྒྲིག་ལམ་སྐོར་དོ་དམ་དང་། གོང་རིམ་ལ་ཞུ་གཏུགས་གནང་བ་བཅས་ཆ་ཚང་ཁང་རྒན་ནས་འགན་བཞེས་གནང་དགོས། གཉེར་པའི་ཐུགས་འགན་ནི། ཁང་ཚན་ནང་ཚོམས་ཇ་དང་ཞལ་ལག ཕྱོགས་མཐའ་ཁག་ནས་ཕེབས་པའི་ཕྱི་ནང་གི་འགྲུལ་པ་རྣམས་སྣེ་ལེན་དང་། གྲྭ་རྒྱུན་གསར་ཞུགས་ཕེབས་མཁན་རྣམས་ཁང་རྒན་དང་གཉེར་པ་གཉིས་ནས་འགན་བཞེས་དང་། གོང་གི་ཆོས་ཕྱོགས་ཀྱི་མཛད་རིམ་རྣམས་གཉེར་པ་གཉིས་ནས་སྙན་སེང་བརྡ་ཁྱབ་གཏང་རྒྱུ་བཅས་ཡིན། སྤྱི་པ་ལས་མི་གཉིས་ཀྱི་ཐུགས་འགན་ནི། བླ་སྤྱི་གྲྭ་ཚང་ལ་གཏོང་རྩའི་སྐྱེད་ཆ་ཚུར་བསྡུ་ལེན་གནང་རྒྱུ་དང་། གྲོང་གསེབ་ཁག་ལ་འབྲུ་ཡི་བུན་སྐྱེད་གཏོང་ལེན་དང་། ཕྱུགས་རིགས་ཤེ་མ་རྣམས་ནས་རྩ་ཤེ་གཏོང་ལེན་བྱ་རྒྱུ་བཅས་ལས་གན་བཞེས་གནང་དགོས། དངུལ་གཉེར་གྱི་ཐུགས་འགན་ནི། ཁང་ཚན་མི་ཚན་གྱི་མ་དངུལ་གན་གཡར་བྱས་པའི་སྐྱེད་ཆ་རྣམས་དུས་ཐོག་ཏུ་ཚུར་བསྡུ་ལེན་བྱ་རྒྱུ་དང་། སྐྱེད་ཆའི་ཁུངས་ནས་གོང་གི་ཆོས་ཕྱོགས་ཀྱི་མཛད་རིམ་ཐོག་རྒྱུ་འགྲོ་གཏོང་འཐུས་ཆོག་པ་བཅས་ཡིན།
གོང་དུ་བཤད་པའི་ཁང་ཚན་གྱི་ལས་བྱེད་རྣམས་གཅིག་མཚུངས་དུས་ཡུན་ལོོ་གསུམ་རིང་གནང་དགོས། གཞན་ཡང་མི་ཚན་གཉེར་པ་རྒན་གཞོན་གཉིས། དེ་ཡང་མཚན་ཐོའི་གོ་རིམ་བཞིན་འགྲོ་དགོས་པ་དང་། དེའི་ཐུགས་འགན་ནི། ཚོམས་ཇ་རིང་ཐུང་དང་། མི་ཚན་འཚོགས་སྐབས་ཇ་དང་མར་སོགས་བདག་ཉར་བྱེད་རྒྱུ་བཅས་ཡིན། དེ་མིན་སྤྱི་ཁང་རྒན་པ་ཞེས་མི་བཞི་ཡོད་པ་དེ་དག་ཁང་ཚན་རྒན་ནས་བསྐོ་བཞག་གནང་དགོས། ལས་འགན་ནི་སྤྱི་ཁང་སོ་སོའི་ནང་གི་སློབ་གཉེར་བ་རྣམས་ཚོགས་དང་ཆོས་ར་དུས་ཐོག་ཏུ་ཕེབས་འདུག་མིན་དང་། རྒྱུན་གྱི་སྒྲིགས་ལམ་དོ་དམ་གནང་བ་བཅས་ཁང་ཚན་རྒན་གྱི་ལས་རོགས་ལྟ་བུ་ཡིན། དེ་མིན་དཔལ་འབྱོར་སོགས་ཀྱི་སྐོར་ལ་ལས་འགན་གང་ཡང་མེད།

Let's Get
Social

  • Facebook
  • Twitter
  • LinkedIn
  • Instagram
bottom of page