top of page
273157_131717433579295_6709261_o.jpeg

༄༅། །དགེ་བཤེས་ཐུབ་བསྟན་ཚེ་རིང་མཆོག་གི་ཡང་སྲིད་སྤྲུལ་སྐུ་བསྟན་འཛིན་ཚེ་རིང་མཆོག་གི་ལོ་རྒྱུས།

  • Facebook
  • Twitter
  • LinkedIn
  • Instagram

༄༅། །དགེ་བཤེས་ཐུབ་བསྟན་ཚེ་རིང་མཆོག་གི་ཡང་སྲིད་སྤྲུལ་སྐུ་བསྟན་འཛིན་ཚེ་རིང་མཆོག་གི་ལོ་རྒྱུས།

༡༩༩༣ ལོར་དགའ་ལྡན་ལྷོ་པ་ཁང་ཚན་དང་། ཤག་གི་དགེ་ཕྲུག་དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས་དང་། ཚེ་སྒྲུབ་རྡོ་རྗེ་བཅས་ཐུན་མོང་ནས་༧གོང་ས་མཅོག་ལ་ཐུགས་དམ་ས་བོན་ཕུལ་བས་ཕྱིར་ཕེབས་སུ། རྒྱ་གར་དུ་ཡོང་རེ་མཆིས་ཀྱང་རྟགས་མཚན་མངོན་ཚན་མ་བྱུང་བར་ངང་སྒུགས་གྱིས། ཞེས་ཐུགས་དམ་ཕྱིར་ཕེབས་བྱུང་སྟབས་ཕྲན་གཉིས་ནས་གཞི་ཆགས་ཁག་དང་། རྡ་ས་ལྡི་ལི་བཅས་སུ་བརྟགས་དཔྱད་དོ་སྣང་ཕྲན་བུ་བྱས་ཀྱང་། རྟགས་མཚན་མངོན་ཚན་མཐོང་ཐོས་མ་བྱུང་སྟབས་ཕལ་ཆེར་རེ་བྲལ་དུ་གྱུར་ཀྱང་། དེའི་རྗེས་༡༩༩༥ ལོར་དགའ་ལྡན་དུ་གྲུབ་ཆེན་གོ་བོ་དགེ་བཤེས་ཉི་མ་ལགས་སུ་ཐུགས་དམ་ཞུས་པས། བོད་གཡུ་ཐོག་ཟམ་པར་འཁྲུངས་ཡོད་ཅེས་ཐུགས་དམ་བབས་སོང་སྟབས་ཕྲན་གཉིས་གང་རུང་བོད་དུ་འགྲོ་རྒྱུའི་སྤ་སི་ཞུས་ཀྱང་དེ་སྐབས་སྤ་སི་རང་མ་བྱུང་།
དེར་བརྟེན་ཡང་སྲིད་རག་ཐབས་ཆེད་བོད་ཀྱི་ངོ་ཤེས་འགའ་ཞིག་ལ་འབྲེལ་བ་ཞུས་ཀྱང་། དོན་འབྲས་གང་ཡང་ལག་སོན་མ་བྱུང་། དེ་ནས་༡༩༩༦ ཕྱི་ཟླ་ ༡༢ ནང་རྒྱ་གར་ཤི་ལི་ཀུ་རིར་༧གོང་ས་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་སྐབས། དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས་དང་དགེ་སློང་བྱམས་པ་དབང་ཕྱུག སྤྱུན་མཆེད་དགའ་ལྡན་ཧར་གདོང་དགེ་བཤེས་ཆོས་འཕེལ་ལགས་དང་། སྤྲུལ་སྐུ་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེའི་ཐུགས་ངོ་མཁྱེན་པ་བོད་ནས་དབང་ཆེན་ཞུས་སར་བཅས། མ་བདེ་སྐྱིད་སྒྲོལ་དཀར་དང་བུ་བསྟན་འཛིན་ནམ་མཁའ་གཉིས་ཀྱི་སྐུ་མདུན་སྐུ་ཞབས་ལ་འབུལ་བྱེད་བསྐུར་མ་ཞིག་སྐྱེལ་དུ་ཕེབས་སྐབས་གུར་ནང་ཡར་འཛུལ་མ་ཐག  ཨོ་ཨོ།  ཀུ་ཤུ་གཅིག་སྤྲད་དང་། ཞེས་ནང་ཚག་ལྟ་བུ་གནང་བ་མ་ཟད། དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས་ལ་རང་བཞིན་གྱི་དགའ་སྣང་བཅས་གནང་འདུག་ཀྱང་། ཕྲུ་གུའི་རང་བཞིན་ཡིན་་བསམ་པ་ལས་དོ་སྣང་བྱུང་མི་འདུག
དེ་རྗེའི་རྗེས་ཐེངས་འགའ་ཤས་གུར་ནང་ཡོང་ནས། དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས་ལ་དགའ་སྣང་གནང་འདུག་ཀྱང་། དགེ་བཤེས་ལགས་ནས་དོ་སྣང་གནང་མི་འདུག དབང་ཆེན་གྲུབ་རྗེས་ཀླུ་སྦུག་དང་གཡུ་ཐོག་ཟམ་པའི་ས་མཚམས་ནས་ཡིིན་པ། མ་བདེ་སྐྱིད་སྒྲོལ་དཀར་དང་བུ་བསྟན་འཛིན་ནམ་མཁའ་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོར་དུ་སྤུན་མཆེད་འབྲས་བློ་གླིང་ཕུ་ཁང་དགེ་ཟུར་བློ་བཟང་ཐབས་མཁས་ཐུགས་འཕྲད་ཕེབས་རྒྱུའི་ཆེད། འབྲས་བློ་གླིང་གི་དགེ་འདུན་པ་ཁང་གཅིག་ལ་རེ་ལིའི་ལག་འཁྱེར་མཉམ་དུ་ཉོ་གནང་རོགས་ཞུས་ཀྱང་། གང་མཚམས་ནས་རི་ལིའི་ལག་འཁྱེར་མངགས་ས་དེ་གར་སོང་ཆ་མེད་དུ་སོང་སྟབས། སྐབས་ཅིག་བྱ་ཐབས་བྲལ་ཞིང་། མ་བདེ་སྐྱིད་སྒྲོལ་དཀར་མོན་གྷོར་འགྲོ་མིན་ཐེ་ཚོམ་ངང་གྱུར་ཏེ་སླར་ཡང་མ་བདེ་སྐྱིད་སྒྲོལ་དཀར་སྤུན་མཆེད་དགེ་བཤེས་ལགས་མ་ཐུག་ན་འགྲིགས་ཐབས་མིན་འདུག་སྙམས་ནས། དགེ་བཤེས་ཆོས་འཕེལ་ལགས་དང་དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས་སོགས་མཉམ་དུ་མོན་གྷོར་འབྱོར། དགེ་བཤེས་ཆོས་འཕེལ་ཤག་ཏུ་བབས་མ་ཐག དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས་དགའ་ལྡན་དུ་རང་ཉིད་ཀྱི་ཤག་ཏུ་ལོག་སྐབས་བུ་བསྟན་འཛིན་ནམ་མཁའ་ནས་ང་མཉམ་དུ་འགྲོ་དགོས། ཞེས་མ་ཉན་སྟབས་དགེ་བཤེས་ལགས་ནས་མཉམ་དུ་འཁྲིད་གནང་། དེ་སྐབས་དགའ་ལྡན་ལྷོ་པ་ཁང་ཚན་ནང་ཤག་སོགས་གད་ཕྱིས་དང་། ས་དཀར་བྱུག་ནས་གཙང་མ་ཡོད་སྐབས་ཁེལ་ཞིང་།
ཕྱི་ལོ་ ༡༩༩༧ ཟླ་བ་ ༡ ཚེས་ ༤ བོད་རྒྱལ་ལོ་ ༢༡༢༣ ཟླ་བ་ ༡༡ ཚེས་ ༢ ཉིན་བུ་བསྟན་འཛིན་ནམ་མཁའ། དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས། དགེ་སློང་བྱམས་པ་དབང་ཕྱུག་བཅས་ཤག་ལ་འབྱོར། དེ་ཉིན་བུ་བསྟན་འཛིན་ནམ་མཁའ་བཞེས་ལག་ཤག་ཏུ་ཕུལ། བཞེས་ལག་ཚར་རྗེས་སྐུ་གོང་མ་དགེ་བཤེས་ཐུབ་བསྟན་ཚེ་རིང་མཆོག་གི་གཟིམ་ཁྲིར་བཞུགས་ནས། འདི་ངའི་ཉལ་ཁྲི་རེད་ཅེས་དང་། སྐུ་གོང་མའི་ཤེལ་དཀར་གྱི་ཕྱག་ཕྲེང་དེ་མཆོད་གཤོམ་ནས་མར་དགོས་གསུངས་ནས་ཨུ་ཚུགས་གནང་ནས་སྐེལ་བཞེས། དེ་ནས་ཆབ་བསང་ཕེབས་སྐབས་འདི་ཡག་པོ་ཉར་དང་། དེ་སུ་རེད་ཞུས་སྐབས། འདི་ངའི་རེད་ཅེ་གསུངས་པ་དང་། ཡང་སྐུ་གོང་མའི་སྤྱན་ཤེལ་གསོལ་ཅོག་ནང་ཡོོད་ཅེས་གསུངས་པ་དངོས་འབྲེལ་ཡོད་འདུག དེར་བརྟེན། ཤག་གི་དགེ་རྒན་དགེ་ཕྲུག་ཚང་མ་ཐེ་ཚོམ་གནས་སུ་གྱུར། དེ་ཉིན་མ་བདེ་སྐྱིད་སྒྲོལ་དཀར་དང་བུ་བསྟན་འཛིན་ནམ་མཁའ་གཉིས་འབྲས་སྤུང་དགོན་དུ་ཞང་ལགས་སར་ཕེབས། སང་སྔ་པོ་ཨ་མར་རྙོག་དྲ་བཤད་ནས་ང་འགྲོ་དགོས་ཡོད་ཅེས་ཞུ་ཚུགས་ནན་ཏན་གནང་ནས་སྐྱེས་མར་ཞོགས་ཇ་མ་རག་གོང་དགའ་ལྡན་དུ་མ་ཡོང་ཐབས་མེད་བྱུང་འདུག དེ་བཞིན་བུ་དགའ་ལྡན་དུ་བཞུགས་ནས་སྐྱེས་མ་ཡར་ལོག་པར་ཞང་ལགས་ནས་བུ་གང་ན་ཡོད་གསུངས་པར། མར་བུ་དགའ་ལྡན་དུ་ཡོད་ཅེས་ཞུས་པར། ཞང་ལགས་ཡང་ལེན་དགོས་ཞེས་ནན་ཏན་གསངུས་སྟབས། ཉིན་རྒྱབ་ཨ་མས་བུ་ལེན་དུ་ཡོང་། དེའི་དགོང་དྲོའི་ཞལ་ལག་དགའ་ལྡན་ལྷོ་པ་དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས་ཀྱ་ཤག་ཏུ་བཞེས། བཞེས་ལག་ཚར་རྗེས་བུ་བསྟན་འཛིན་ནམ་མཁའ་འཕྱག་ཏེ་ལངས་ནས་གཟིམས་སྦུག་ཏུ་ཕེབས་ནས་ཨ་མ་ཡར་ཤོག ང་བསྡད་ས་ཡག་ལོད་འདུག་གསུང་པར། ཨ་མའི་ཡག་པོ་འདུག
།ད་ངོས་གཉིས་འབྲས་སྤུངས་ལ་ལོག་འགྲོ་གསུངས་པར་བུ་བསྟན་འཛིན་ནམ་མཁའ་ང་འགྲོ་ཡི་མིན། ཨ་མ་རང་ལོག་ན་འགྲིགས་ཀྱི་རེད། ང་འདིར་བསྡད་ཀྱི་ཡིན་ཞེས་བཤུམས་ཀྱང་། སྐྱེས་མས་བུ་མགོ་སྐོར་ནས་ཡར་འབྲས་སྤུངས་ལ་འཁྲིད་ཐུབ་ཙམ་བྱུང་། དེ་ནས་ཉིན་གཉིས་ཙམ་རྗེས་ཡང་བུ་བསྟན་འཛིན་ནམ་མཁའ་ནས་སྐྱེས་མར་རྙོག་དྲ་བཤད་ན་ཡང་དེ་ཉིན་བུའི་ཁ་ལ་མ་ཉན་པར་འབྲས་སྤུངས་སུ་སྡད་འདུག ཕྱི་ལོ། ༡༩༩༧ ཟླ་བ། ༡ ཚེས། ༨ བོད་རྒྱལ་ལོ། ༢༡༢༣ ཟླ་བ། ༡༡ ཚེས། ༢༩ ཉིན་དེ་ཉིན་བུའི་ཁ་ལ་མ་ཉན་པར་མ་བུ་གཉིས་དགའ་ལྡན་དུ་ཕེབས་སྐབས། དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས་དང་། ཚེ་སྒྲུབ་རྡོ་རྗེ། ཧར་གདོང་དགེ་བཤེས་ཆོས་འཕེལ། སྐུ་ཞབས་བསྟན་འཛིན་རྣམ་གྲོལ་བཅས་ལྷན་དུ་མ་བདེ་སྐྱིད་སྒྲོལ་དཀར་ལ་བཀའ་མོ་ཞུས་དོན། ༧གོང་ས་མཆོག་གི་ཐུགས་དམ་ཕྱིར་ཕེབས་དང་མཐུན་ཞིང་། མ་ཟད་སྔ་ལོ་རྒན་ཉི་མ་མཆོག་གི་ཐུགས་དམ་བཙས་རྩེ་མཐུན་པ་ཙམ་མ་ཟད། ཕྲན་ཚོའི་ཤག་ནང་ཆིབས་བསྒྱུར་གནང་ནས་རྟགས་དང་མཚན་མ་མང་པོ་ཞིག་བྱུང་བས། དེར་གུས་ཚོའི་རེ་བའི་དོགས་གཞི་ཆེན་པོ་བྱུང་སོང་བས་དེ་སྐབས་མ་བདེ་སྐྱིད་སྒྲོལ་དཀར་དང་བུ་བསྟན་འཛིན་ནམ་མཁའ། དགེ་བཤེས་ཚུལ་ཁྲིམས་བསྟན་རྒྱས་སོགས། དགའ་ལྡན་གོ་བོ་དགེ་བཤེས་ཉི་མ་ལགས་སུ་སྐུ་བཅར་ཞུས་ནས་གནས་ཚུལ་ཞིབ་ཕྲ་ཞུས་པར། བུ་བསྟན་འཛིན་ནམ་མཁའ་དགེ་བཤེས་ཐུབ་བསྟན་ཚེ་རིང་མཆོག་གི་ཡང་སྲིད་ཡིན་མིན་ཐུགས་དམ་གནས་རོགས་ཞུས་པས། ཐུགས་དམ་ཐེངས་གསུམ་གནང་བས་བུ་ཁོང་དགེ་བཤེས་ལགས་ཀྱི་ཡང་སྲིད་རེ་འདུག་ཀྱང་།
དགེ་བཤེས་རང་ཉིད་ཀྱི་ཐུགས་དམ་ཙམ་ལ་ཆ་མ་བཞག་པར། བུ་རང་ལ་ཡང་མོ་རྒྱབ་ཏུ་འཇུག་གསུངས་ནས་། མོ་ཤོ་མར་གནང་བས། བུ་བསྟན་འཛིན་ནམ་མཁའ་མོ་ཤོ་ཐེངས་གསུམ་འཕངས་པས་ཁོང་རྣམ་པ་གཉིས་ཀ་ཕྱག་མོ་གཅིག་པ་བབས་འདུག་སྟབས། དགའ་ཤར་ལྷོ་པ་དགེ་བཤེས་ཐུབ་བསྟན་ཚེ་རིང་མཆོག་གི་ཡང་སྲིད་ངོས་འཛིན་གནང་སོང་། གཞན་ཡང་།  བོད་དུ་མ་ཡུམ་ནས་འབྲས་སྤུངས་སུ་མཆོད་མཇལ་ཕྲིད་སྐབས། ལམ་རིམ་རིན་པོ་ཆེ་ནས་། བུ་འདི་བཅའ་ཁ་གཙང་སྦྲ་ཡག་པོ་གྱིས། བླ་མ་ཡིན་ཞེས་གསུངས་འདུག་པ་དང་། ཡང་སྲིད་འཕྲུལ་མེད་ཡིན་པའི་རྟགས་མཚན་ངོ་མཚར་ཅན་གཞན་ཞིག་ཡོད་པ་ནི། སྐུ་གོང་མ་དགོངས་པ་རྫོགས་ཉེར་སྐབས་ལྡི་ལི་སྨན་ཁང་དུ་གཞོག་གཡས་ཀྱི་སྐེད་པར་བཤག་བཅོས་བྱས་པའི་རྨ་ཤུལ། ད་ལྟའི་ཡང་སྲིད་ཀྱི་སྐུ་སྐེད་དེ་རང་དུ་རྨ་ཤུལ་ཤ་རྟགས་གསལ་པོ་ཡོད་པ་བཅས་ལགས།
༩༧་ཕྱི་ཟླ་ ༡ ཚེས་ ༡༠ བོད་རྒྱལ་ལོ་ ༢༡༢༣ བོད་ཟླ་ ༡༢ ཚེས་༢ གཟའ་སྐར་ལེགས་པའི་ཉིན་རང་ཤག་ཏུ་ན་བཟའ་ཕུལ་རྒྱུའི་རྟེན་འབྲེལ་སྟབས་བདེ་ཞིག་གནང་སྐབས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། སྐུ་གོང་མའི་སྐུ་མཆེད་ལྷོ་པ་ཁང་ཚན་དུ་ཡོད་པ་དེས་མཇལ་དར་ཕུལ་བས། ཡང་སྲིད་ནས་དམིགས་བསལ་གྱིས་མཇལ་དར་བརྒྱད་ཙམ་དང་ཤིག་ཏོག་བཅས་མར་གནང་། དེར་མ་ཟད། སྐུ་གོང་མའི་སྐུ་མཆེད་སྐུ་ངོ་ཆོས་འཛིན་ལགས་དང་སྐུ་གོང་མའི་དགེ་ཕྲུག་དང་། དམིགས་བསལ་འབྲེལ།
( པ་ཆེ་ཁག་ལ། མཇལ་དར་དང་ཤིང་ཏོག་གསོལ་སྩལ་གནང་། སྐུ་གོང་མར་འབྲེལ་བ་དེ་ཙམ་མེད་པ་རྣམས་ལ་ཡར་ཕུལ་བའི་མཇལ་དར་ཙམ་མ་གཏོགས་མ་གནང་བ་སོགས་ཀྱི་རྟགས་མཚན་རྣམས་ལ་གུས་པ་ཤག་གི་དགེ་རྒན་དགེ་ཕྲུག་ཞབས་ཞུ་བ་རྣམས་དམིགས་བསལ་གྱིས་དོགས་པ་ཡོངས་སུ་སེལ་ནས་ནས་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པ་ངེས་ཤེས་བྱུང་སོང་བར་བརྟེན། ཕྱི་ལོ། ༩༣ ལོར་༸གོང་ས་མཆོག་གི་ཐུགས་དམ་ཕྱིར་ཕེབས་དགོངས་དོན། རང་ལྗོངས་རྒྱལ་ས་ལྷ་སར་ཀླུ་སྦུག་ཏུ་ཕྱི་ལོ་༡༩༩༣ བོད་རྒྱལ་ལོ་༢༡༢༣ རབ་བྱུང་༡༧ པའི་ཆུ་སྦྲེལ་བོད་ཟླ་༧ ཚེས་ ༨ རེས་གཟའ་པ་སངས་སྔ་དྲོའི་ཕྱག་ཚོད་༡༠ པར་ཡབ་རྡོ་བརྟན་དང་ཡུམ་བདེ་སྐྱིད་སྒྲོལ་དཀར་གཉིས་སུ་འཁྲུངས་པའི་བུ་བསྟན་འཛིན་ནམ་མཁའ་རྟགས་མཚན་དང་བཅས་བཤེས་གཉེན་མཆོག་གི་ཡང་སྲིད་དུ་བཅད་གཅོད་མ་དགོས་པར་ཡིད་ཆེས་ངེས་རྙེད་བྱུང་བའི་ལོ་རྒྱུས་མདོར་བསྡུས་དང་བཅས། སྐྲ་ཕུད་དང་མཚན་གསོལ་མཇལ་ཁ་ཞིག་ཡོངས་བ་ཞེས་སྐུ་ངོ་བསྟན་པ་བཟོད་པ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་སེང་ཞུས་དོན་ཞལ་བཞེས་བཀའ་དྲིན་བླ་མེད་དུ་ཆེ་སྟེ། ཕྱི་ལོ་༩༨ ཕྱི་ཟླ་༡ ཚེས་༡ ཉིན་སེ་རར་ཆིབས་སྒྱུར་སྐབས་གཟིམ་ཆུང་དུ་མཇལ་ཁའི་སྐལ་བཟང་དགའ་སྟོན་ཐོབ་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགུང་གྲངས་དྲུག་ལ་ཕེབས་པའི་ཡང་སྲིད་བུ་བསྟན་འཛིན་ནམ་མཁའ་ལ་ཁྱེད་རང་གི་དབུ། སྐུ་གོང་མ་ཆེ་བ་ཡོད་དམ། ད་ལྟ་ཁྱེད་རང་ཆེ་བ་ཡོད་ཅེས་བཀའ་འདྲི་གནང་བར། ཡང་སྲིད་ནས་དབུ་ད་ལྟ་ང་ཆུང་བ་ཡོད་ཅེས་ཞུས། ཡང་༸གོས་ས་མཆོག་ནས། ལག་པའི་ཐེབ་ཆུང་ད་ལྟ་ཁྱེད་རང་ཐུང་བ་ཡོད་དམ་སྐུ་གོང་མ་ཐུང་བ་ཡོད་ཅེས་བཀའ་འདྲི་གནང་བར། ཡང་སྲིད་ནས་ད་ལྟ་ངའི་ཐེབ་ཆུང་རི་བ་ཡོད་བཅས་ལན་ཕུལ་བར། གོང་མ་དབུ་ཆེན་པོ་ཡོད་པ་དང་། ཕྱག་མཛུམ་ཐེབ་ཆུང་ཐུང་ཐུང་ཡོད་སྟབས། ༸གོང་ས་མཆོག་ཐུགས་དགྱེས་བའི་འཛུལ་ཞལ་དང་། གཙུག་ཕུད་བཞེས་ཏེ་བསྟན་འཛིན་ཚེ་རིང་ཞེས་མཚན་གསོལ་དང་བཅས་སྐུ་ཚེ་མཛད་པ་ཕུན་སུམ་ཚོགས་པའི་སྒོ་འཕར་ཐོག་མར་དབྱེ་བའི་ཐུགས་སྨོན་མཚམས་སྦྱོར་བཀའ་དྲིན་སྐྱབས་འཇུག་བླ་མེད་དུ་ཆེ། ཕྱི་ལོ། ༩༨ ཕྱི་ཟླ་༡ ཚིས་༡༨ ཉིན་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་མིང་རྟགས་དང་། བླ་མའི་ཆོས་ཞུགས་ཀྱི་མཛད་སྒོ་རྣམ་གྲ་རྟེན་ལེགས་འགྲིགས་ཕུན་སུམ་ཚོགས་པ་བྱུང་བའི་མཛད་རྣམ་རག་བསྡུས་སུ། དགའ་ཤར་ལྷོ་པ་དགེ་བཤེས་ཚེ་སྒྲུབ་རྡོ་རྗེ་དང་། བྱམས་པ་དབང་ཕྱུག་བཅས་གོང་མའི་གཟིགས་ཤག་དགེ་ཕྲུག་ཐུན་མོང་གིས་ཕུལ།།

Contact

I'm always looking for new and exciting opportunities. Let's connect.

123-456-7890 

bottom of page