top of page
Potala_palace21.jpeg

དགེ་བའི་བཤེས་གཉེན་ཆེན་པོ་གྲགས་པ་དོན་ཡོད་མཆོག་གི་ལོ་རྒྱུས།

  • Facebook
  • Twitter
  • LinkedIn
  • Instagram

དགེ་བའི་བཤེས་གཉེན་ཆེན་པོ་གྲགས་པ་དོན་ཡོད་མཆོག་གི་ལོ་རྒྱུས།

མཐུ་སྟོབས་ནུས་པའི་བདག་ཉིད་རིག་པ་འཛིན་པ་ལྷོ་པ་དགེ་བཤེས་གྲགས་པ་དོན་ཡོད་དམ་ཞལ་དབྱིབས་ལས་མིང་ངན་དུ་ཐོད་སྐམ་ཞེས་གྲགས་པ་དེ་ཉིད་ཀྱང་། གྲྭ་ཚང་འདིར་སློབ་གཉེར་མཐར་ཕྱིན་པར་མཛད། སྐབས་ཤིག་དབུ་རུ་སྐྱིད་ཤོད་ཕག་མོ་ཞོལ་དགོན་པར་སྲི་ངན་གྱི་གནོད་པ་ལྡང་སྟེ་དགེ་འདུན་རྣམས་ནང་མི་མཐུན་ཞིང་འདུ་ཁང་ནང་དུ་སླེབས་ཙམ་ཉིད་ནས་ཁོང་ཁྲོ་ཟ་བ་ཞིག་བྱུང་སྟེ་འཐབ་རྩོད་ཁོ་ནས་དུས་འདའ་བ་བྱུང་བར། ཕན་ཐབས་ཇི་དགེ་གསེར་སྐོང་རྡོ་རྗེ་འཆང་ལ་ཞུས་པར། དགེ་བཤེས་གྲགས་པ་དོན་ཡོད་གདན་ཞུས་ཀྱིས་སྲི་གནོན་ཚུགས་དགོས་གསུངས་པ་ལྟར་དགེ་བཤེས་གདན་ཞུ་བྱས། དགོན་པ་དེར་ཕེབས་འཕྲལ་ངས་སྲི་གནོན་བྱས་རྗེས་གླེང་མེད་པའི་གན་འཛིན་དགོན་པའི་ཕྱི་ཐམ་འཁོད་པ་ཞིག་དགོས་ཞེས་གན་རྒྱ་བཞེས། དེ་ནས་སྲི་གནོན་ཚུགས་ཏེ་སྲི་གནོན་མཛད་ཡུལ་དགོན་པའི་ལྷག་གི་དུར་ཁྲོད་དུ་མནན་པ་དང་། དགོན་པའི་དབུ་མཛད་དེ་དེ་སྐབས་སྲི་གནོན་ཆོག་གྲའི་དབུ་མཛད་མིན་ཡང་། གྲོང་ཆོག་པའི་གྲས་སུ་སིལ་སྙན་དཀྲོལ་མཁན་ཡིན་པ་དེ་ཉིད་སྲི་དོང་དུ་ལྷུངས་ཤིང་དེའི་རྐྱེན་གྱིས་འདས་པ་བྱུང་། རྗེས་སོར་རྩེད་གཅོད་སྐབས་ཕན་ཚུན་དཀྲུགས་ཤིང་གི་བྱེད་གཏེ་གཙོ་བོ་དབུ་མཛད་དེ་ག་ཡིན་ཚོད་སྣང་། དེ་ནས་ཕག་མོ་ཞོལ་གྱི་དགོན་པ་ཡར་རྒྱས་སུ་འགྲོ་བ་བྱུང་། ཡང་། དྭགས་པོ་ཁུལ་གྱི་མི་ཚང་ཆེན་པོ་སྔར་འབྱོར་ལྡན་ཞིག་ཡིན་པ་ལ་རིམ་གྱི་ཕ་མ་སོགས་འདས་ནས་ཕོངས་ཤིང་གུད་དེ། གསེར་སྐོང་རྡོ་རྗེ་འཆང་ལ་ཞུས་པས་དགེ་བཤེས་འདི་ཉིད་གདན་ཞུ་བྱས་ནས་དྲག་སྲེག་བླུགས་དགོས་བཀའ་ཕེབས་ལྟར། གདན་ཞུས་ཀྱིས་ཕེབས་འཕྲལ་མི་སྐྱ་ཕོ་གསར་དཔུང་ཤེད་ཅན་བརྒྱད་དགུ་ཞིག་དང་། ཐག་པ་སོགས་གྲ་བསྒྲིག་བྱ་དགོས་གསུངས་པར། མི་ཚང་ང་ཚོས་དྲག་སྲེག་གནང་རོགས་ཞུས་པ་ལས་འདི་འདྲ་གང་ཡིན་ནམ་སྙམ་པ་དང་། དེ་རྗེས་དགེ་བཤེས་ཀྱིས་མི་དེ་རྣམས་ཁྲིད་ནས་ཁྱིམ་ཚང་དེའི་སྒོ་རྩར་ཤིང་སྟར་ཁའི་སྡོང་པོ་ཆེན་པོ་ཞིག་ཡོད་པ་དེ་ལ་སྟེང་འོག་ཚང་མར་ཚད་མང་པོ་ཞིག་བླངས་ནས་རྟགས་སྐྱོན་ཏེ། འདིའི་མཚམས་ནས་ཆོད་ཅིག་ཅེས་གསུངས་པ་ལྟར་མི་སྐྱ་དེ་རྣམས་ཀྱིས་དཔུ་ཤེད་ཆེན་པོས་རིམ་གྱིས་བཅད་པ་ན། སྐབས་ཤིག་ལ་ཤིང་དེའི་ནང་མདོང་མོ་བཞིན་དུ་སྟོང་པ་ཡིན་འདུག་པའི་བུ་ག་ཐོན་པ་དང་། མི་ཚང་དེའི་ཕ་ཟོག་ཕོར་བ་དེ་བོར་བརླག་གིས་ལོ་གཉིས་ཙམ་ཕྱིན་སོང་ཟེར་བ་ཞིག་བྱུང་། དེ་ནས་ད་དུང་གང་ཡོད་ལྟོས་ཤིག་གསུངས་པར་གང་ཡང་མིན་འདུག་ཞུས། ཨ་ཡ་མཚན་འོ་ན་སྟེང་ལ་ཡར་ལག་པ་བརྒྱུས་ནས་ལྟོས་གསུངས་པ་བཞིན་བལྟར་པའི་ཚེ། འདབ་ཆགས་སྐྱང་ཀ་འདྲ་བ་སྤུ་ནག་ཞོལ་ལེ་ཡོད་པ་ཞིག་ཐོན་པ་ན་། འོ་ད་འདི་རེད་ད་ལྟ་རན་ཚོད་རེད་མ་གཏོགས་མི་ཚང་ལྟ་ཅི་སྨོས་ཡུལ་སྡེ་འདི་ཉིད་སྟོང་བར་འགྱུར་བའི་མནན་གཏད་སྦས་པ་དེ་རེད་གསུངས་ནས་དྲག་སྲེག་མཛད་དེ། སྲོག་ཆགས་དེ་ཐབ་ཏུ་སྲེག་སྦྱོར་མཛད་པར་འདུག །རྒྱལ་བའི་མགྲོན་གཉེར་ཆེན་མོ་བསྲན་པ་དར་རྒྱས་ཞེས་པ་དེའི་དབུ་བླ་ལྟ་བུར་མཛད་པའི་སྐབས་ཤིག་མགྲོན་ཆེ་ས་ར་སྲི་གནོན་བདུན་གཅིག་ཚུགས། སྐབས་དེར་ལག་གཡོག་ཕྱུ་པ་དམར་པོ་གྱོན་པ་ལོ་གཞོན་ཞིག་འདུག་པ་དང་། ཉིན་གསུམ་བཞི་སོང་ནས་སྲི་འགུག་གཞུག་སྐབས་ལག་བདེ་དེར་འདྲི་ཞུགས་ནས་འདར་ཉམས་ཀྱིས་ལུས་དང་ཡན་ལག་འཁུམ་པར་གྱུར་པ་དང་། དགེ་བཤེས་ཀྱིས་ཕྱག་ནས་གཏོར་བ་དང་དྲག་སོང་ཞེས་ཆོག་གྲ་པ་དགེ་བཤེས་བྱམས་བསྟན་ནས་ལྷོ་པ་རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེར་གསུངས་འདུག  །དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཞབས་རིམ་གཏོར་རྒྱག་ཅིག་སྐབས་གསེར་སྐོང་རྡོ་རྗེ་འཆང་དགའ་ལྡན་དུ་བཞུགས་ཡོད་པར། གཏོར་རྒྱག་ཐོན་སྐབས། ང་ལ་སྦྲན་གསུངས་པ་བཞིན་གསར་སྐོང་རྡོ་རྗེ་འཆང་གིས་ཐག་ཏིང་ནས་གཟིགས་པར་དགེ་བཤེས་གྲ་དོན་ལགས་ཀྱི་རྭ་གཉིས་ཤར་རྩེའི་འདུ་ཁང་སྟེང་ནས་ཐོན་འདུག་གསུངས་ཆུལ། ལྷོ་བའི་གཡང་སྐྱབས་སྐབས་ཤིག་དེའི་ཆོ་གའི་ཚིག་ལ། གསར་གྱི་ཀ་བ་མ་ཞག་ཅིག །གཡུ་ཡི་གདུང་མ་མ་ཆག་ཅིག  ཅེས་སོགས་རྣམ་སྲས་གཡང་འགུགས་དགོས་འདོད་ཆར་འབེབས་ཞེས་སྐལ་བཟང་རབ་རྒྱས་ཀྱི་གསུང་དེ་བཏང་པར་། ཐེ་པོ་རིན་པོ་ཆེ་གདན་ཞུ་བྱས་ཡོད་ཅིང་དགེ་བཤེས་ལགས་ནས་ང་ཚོ་ལྷོ་པ་ཁང་ཚན་ལ་གཡུའི་གདུང་མ་ཆག་རྒྱུ་དང་། གསར་གྱི་ཀ་བ་འགྱེལ་རྒྱུ་གང་ཡང་མེད་གཙོ་བོ་བཤད་སྒྲུབ་འཆད་ཉན་ལེགས་པོ་ཡོང་བའི་ཐུགས་སྨོན་གནང་རོགས་ཞེས་ཞུས་འདུག་། ཡང་། དགའ་ལྡན་གྱི་སྦྲ་ནག་ཞོལ་དུ་ཐབ་གཡོག་པ་ཞིག་ཤི་ནས་རོ་ལངས་བརྒྱབ་པ་གསེར་སྐོང་རྡོ་རྗེ་འཆང་ལ་ཞུས་པར། དགེ་བཤེས་འདི་ཉིད་ལ་རྡོ་རྗེ་བསྐུར་གནང་གིས་གཏོང་གནང་མཛད་པས་ཐོག་མར་འཇིགས་སྣང་གི་རྒྱབ་ཏུ་མི་སྐྱ་ཤེད་ཅན་དུ་མ་གྲ་བསྒྲིགས་དང་བཅས་དགེ་བཤེས་ལགས་སྒོ་ཕྱེ་ནས་སྔོན་ལ་ཕེབས་ཏེ། དེ་འཕྲལ་རྡོ་རྗེ་དེ་བཞུས་པས་རོ་ལངས་བསྒྱེལ་ཐུབ་པ་བྱུང་། ཡང་དམ་པ་འདིས་བདེ་ཆེན་ཁུལ་རེ་རྔ་གཞིས་ཁར་གྲོང་ཆོག་མཛད་སྐབས་ཡུལ་གྱི་སེར་སྲུང་སྔགས་འཆང་ཞིག་དང་མ་མཐུན་པར། གཞིས་ཁ་དེར་སྔགས་པས་སེར་བ་ཕབས་པ། གྲགས་དོན་གྱིས་སེར་བ་མཇུབ་ཁྲིད་ཀྱིས་སྔགས་པ་ཉིད་ཀྱི་ཞིང་ཁོ་ནར་ཕབ་པ་སོགས་མཐུ་ནུས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས། ལྷོ་པའི་སྤྱི་ཁང་སྒོམ་བདེ་ཁང་དུ་ལྷོ་པ་རྒྱལ་སྲས་རིན་པོ་ཆེ་བཞུགས་སའི་འོག་ཏུ་གཟིམ་ཤག་ཡོད་པ་དེར་ཞིང་གཤེས་ཉེའི་སྐབས་རྒྱལ་སྲས་གོང་མར་རྒྱ་སྒ་ལེགས་པོ་ཞིག་ཕུལ་ནས། ཁྱེད་ཀྱིས་ང་ལ་འཕོ་བ་རྒྱབ་ཐུབ་མིན་བཀའ་འདྲི་དང་། གལ་སྲིད་མ་ཐུབ་ནའང་ང་རང་གིས་བརྒྱབ་ནས་འགྲོ་ཆོག་གསུངས་པར། རྒྱལ་སྲས་གོང་མས་ཞལ་བཞེས་མཛད། མཐར་གཤེགས་སྐབས་ཐུགས་དམ་ཉིན་གསུམ་བཞུགས་ནས་རྒྱལ་སྲས་རིན་པོ་ཆེས་འཕོ་བ་མཛད་དེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས་སོ། དགེ་བའི་བཤེས་གཉེན་གྲགས་པ་དོན་ཡོད་འདི་ཉིད་རས་པ་ཞི་བ་འོད་ཀྱི་རྣམ་འཕྲུལ་ཡིན་པ་གསར་སྐོང་རྡོ་རྗེ་འཆང་གི་གསུངས།།

Contact

I'm always looking for new and exciting opportunities. Let's connect.

123-456-7890 

bottom of page