top of page
Gashar Lhopa Buddhist Cultural Society.
N.G.O
Phone:
6361867257
Email:
Address:
Gaden Lhopa, P.O Tibetan colony, lama camp no 1, Mundgod 581-411.
A Bit About Me
དགའ་ཤར་དཔལ་ལྡན་ལྷོ་པ་ཁང་ཚན་གྱི་ལོ་རྒྱུས་སྙིང་བསྡུས་ཤིག་བཞུགས་སོ།།
འཇམ་མགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས་ཕྱག་བཏབ་པ་འབྲོག་རིན་པོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་རྗེ་ཡི་དངོས་སློབ་ཤར་པ་རིན་ཆེན་རྒྱལ་མཚན་གྱིས་ཕྱག་བཏབ་པ་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་འདི་ལ་ཡོངས་གྲགས་སུ་ཁང་ཚན་བཅུ་གཅིག་ཡོད་པའི་ནང་ཚན། བསླབ་པ་གསུམ་གྱི་རྒྱུད་ཕྱུག་ཅིང་ཐོས་བསམ་སྒོམ་གསུམ་ཕྱོགས་རེར་མ་སོང་བ། འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་ཤིང་ལྟ་སྒོམ་དཔྱོད་གསུམ་རྣམ་པར་དག་པའི་མཁས་པའི་དབང་པོ་དུ་མའི་འབྱུང་གནས་དཔལ་ལྡན་ལྷོ་པ་ཁང་ཚན་ཞེས་པ་འདི་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་སྟེ། སྔོན་ཁ་བ་བོད་ཀྱི་ལྗོངས་སུ་ཡོད་སྐབས་ཀྱི་ལོ་རྒྱུས་དང་། ཕྱིས་རྒྱ་གར་འཕགས་པའི་ཡུལ་དུ་ཡོད་པའི་སྐབས་ཀྱི་ལོ་རྒྱུས་ཏེ་གླེང་ཁག་གཉིས་སུ་དབྱེ་ནས་གླེང་ན། སྔོན་བོད་ཀྱི་ཡུལ་དུ་ལྷོ་པ་ཁང་ཚན་འདི་ལ་མི་ཚན་གཉིས་དང་། སྤྱི་ཁང་བཞི་བཅས་བཤད་སྲོལ་ཡོད། དེ་ཡང་མིང་ཚན་སྟེང་ཤོད་གཉིས་ཅེས་གནས་ཀྱི་སྒོ་ནས་ཕྱེ་བ་དང་། སྤྱི་ཁང་བཞི་པོ་ཐོབ་ཁུངས་ལུང་ཚན་གྱི་སྒོ་ནས་དབྱེ་བ་ཡིན། སྤྱི་ཁང་བཞི་ནི། ལྷོ་པ་ཁང་། ནགས་ཤོད་ཁང་། གླིང་ཁང་། སྒོམ་སྡེ་ཁང་རྣམས་ཡིན།
སྤྱི་ཁང་བཞི་པོ་དེའི་ནང་དུ་གྲྭ་རྒྱུན་ཡོང་ཁུངས་དང་། ལུང་ཚན་ཇི་ཐོབ་བརྗོད་ན་སྤྱི་ཁང་སོ་སོའི་མིང་ཐོབ་ཚུལ་ལ་ཡང་གསལ་ཁ་ཡོང་ངེས་པས་དེའི་ཚུལ་བཤད་ན། ལྷོ་པ་ཁང་གི་ནང་དུ་ཆབ་མདོ། ཁྱུང་པོ། རི་བོ་ཆེ། དཔལ་འབར། ཨེ་ལྷ་རྒྱ་རི། ལྷོ་ཁ་གྲ་ནང་བཅས་ནས་ཡོད། ནགས་ཤོད་ཁང་གི་ནང་དུ་ཁམས་སྟོད་ནགས་ཤོད་ནས་དང། ངག་རྒྱུན་དུ་གསལ་བ་བྱིས་ན་དགོན་ཞེས་པ་ཞིག་ཡོད་སྐད་ཐོས་ཀྱང་ལུང་ཚན་དང་ཡི་གེའི་དག་ཆ་གང་ཡིན་མི་ཤེས། གླིང་ཁང་གི་ནང་དུ་འདན་མ། སྡེ་དགེ་བཅས་ནས་དང་། སྒོམ་སྡེ་ཁང་གི་ནང་དུ་ཁྲོམ་གྲགས། ནང་ཆེན། དཀར་མདའ། རོང་པོ། ཚ་བ་དཔག་ཤོད་བཅས་ནས་ཡོད། འདི་དག་ལུང་ཚན་ཁྱབ་ཆེ་བ་རྣམས་ཀྱི་མིང་སྨོས་པ་ཡིན་གྱི་ལུང་ཚན་ཆུང་བ་དང་། གོང་དུ་བཤད་པ་དེ་དག་གི་ནང་དུ་དགོན་སྡེ་མང་པོ་ཡོད་པས་རེ་རེ་བཞིན་བཤད་ཚོད་ག་ལ་ཡོད། གདན་ས་དང་གྲྭ་ཚང་ནང་བཞིན་ཁང་ཚན་ལ་ཡང་ཕྱག་འདེབས་པ་པོ་ཡོད་མིན་དང་འདེབས་པ་པོ་སུ་ཡིན་བཤད་ཚོད་དཀའ་ཡང་། ལྷོ་པ་ཁང་ཞེས་མིང་འཐོབ་དགོས་དོན་ནི་གོང་དུ་བཤད་པའི་སྤྱི་ཁང་བཞི་པོ་དེའི་ནང་ནས་ལྷོ་པ་ཁང་ཞེས་པ་དེའི་ནང་དུ་གྲྭ་རྒྱུན་ཡོང་ཁུངས་མང་བས་དེའི་ཆ་ནས་ཁང་ཚན་སྤྱི་ལ་ལྷོ་པ་ཁང་ཚན་ཞེས་བཏགས་པ་མིན་ནམ་སྙམ། སྤྱིར་ཁང་ཚན་རྣམས་ཀྱི་མིང་འདོགས་སྐབས་ཕལ་ཆེར་གྲྭ་རྒྱུན་ཡོང་ཁུངས་ཀྱི་ལུང་པ་དེ་དག་གི་མིང་གི་ཆ་ནས་བཏགས་ཡོད་པར་སྣང་བས་དེའི་ཆ་ནས་བཏགས་པར་བཤད་ཀྱང་མཐུན་པའི་ཆ་མང་པོ་ཞིག་ཡོད། གང་ཡིན་ཟེར་ན་ཁང་ཚན་འདི་རུ་ཐོབ་ཁུངས་ངེས་པ་ནི་ཕལ་ཆེར་ལྷོ་ཁའི་ནང་ནས་དང་། ལྷོ་ལུང་ཆེན་བཅོ་བརྒྱད་ནང་ནས་ཡིན། རྒྱུ་མཚན་དེའི་ཕྱིར་ལྷོ་ཁ་ཞེས་པའི་ལྷོ་དང་། ལྷོ་ལུང་ཆེན་བཅོ་བརྒྱད་ཅེས་པའི་ལྷོ་གཉིས་ཀྱི་མིང་གི་ནུས་པ་གཅིག་ཏུ་བསྒྲིལ་ཏེ་ལྷོ་པ་ཁང་ཚན་ཞེས་བཏགས་པ་ཡིན་ཀྱང་ཆོག
འདི་གཉིས་ལ་ཁྱད་པར་གང་ཡང་མི་འདུག དེ་ལྟ་བུའི་མིང་གིས་བསྙད་པའི་ཁང་ཚན་འདི་ལ་ཚོམས་ཆེན་ཐོག་བརྩེགས་གསུམ་ཅན། ཀ་བ་བཅུ་དྲུག་གི་རྒྱ་ཁྱོན་ལྡན་པ། བར་ཐོག་ཏུ་འགྲུལ་ཁང་དང་གཉེར་ཁང་། དེ་བཞིན་རུང་ཁང་བཅས་ཡོད། སྟེང་ཐོག་ཏུ་༸སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཀུན་བདེ་གླིང་རིན་པོ་ཆེ། ཆབ་མདོ་འཕགས་པ་ལྷ་དང་ཞི་བ་ལྷ་སོགས་བླ་ཆེན་བརྒྱད་དང་། ནགས་ཤོད་སྟག་ཕུ་རྡོ་རྗེ་འཆང་དང་། འབྲི་རུ་ཞབས་དྲུང་། ཕུར་ལྕོག་བྱམས་པ་རིན་པོ་ཆེ་སོགས་བླ་ཆེན་སུ་ཕེབས་རྣམས་ཀྱི་བཞུགས་ཡུལ་གཟིམ་ཆུང་ཁག དེའི་གཡས་སུ་འདོད་ཁམས་ཀྱི་དབང་ཕྱུག་དཔལ་ལྡན་དམག་ཟོར་རྒྱལ་མོའི་མགོན་ཁང་། དེའི་ནང་དུ་འདོད་ཁམས་ཀྱི་བདག་མོའི་སྐུ་བརྙན། མཆོད་པའི་ཡོ་བྱེད་དང་འཕྲིན་བཅོལ་གྱི་ཆ་ལག་དང་བཅས་པ་ཆེས་ཕུལ་དུ་བྱུང་བ་དུ་མ་སོགས་མདོར་ན་རྟེན་དང་བརྟེན་པར་བཅས་པ་བཅས་པ་བཞུགས། གོང་དུ་བཤད་པའི་སྤྱི་ཁང་བཞི་ཟུར་དུ་ཡོད་པ་དེ་དག་ལ་ཐོག་བརྩེགས་གསུམ་དང་། ཐོག་བརྩེགས་བཞི་བཅས་ཡོད། སྤྱི་ཡོང་ནས་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་དྲུག་ལྷག་ཙམ་གྱི་གྲྭ་ཤག་ཡོད།
སྐྱེས་ཆེན་དམ་པ།
ཁང་ཚན་འདི་ནས་བྱུང་བའི་སྐྱེས་ཆེན་དམ་པ་ལ། མདོ་སྟོད་ཆབ་མདོའི་ཁོངས་རྔུལ་ཡུ་སྐྱ་ཁ་ཚང་གི་ཉེ་འདབས་སྒོ་གཉའ་ཚང་ཞེས་པའི་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་གདོང་ཞེས་པ་མེ་པོ་སྤྲེའུའི་ལོར་སྐུ་འཁྲུངས་པའི་མཁན་རབ་དོན་བཞི་པ་འདུལ་བ་འཛིན་པ་མཁན་ཆེན་རྒྱ་མཚོ་དབང་ཕྱུག་མཆོག གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལའི་རྣམ་འཕྲུལ་ལྷོ་པ་རྒྱལ་སྲས་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན། རས་པ་ཞི་བ་འོད་ཀྱི་རྣམ་འཕྲུལ་ཡིན་པར་གསར་སྐོང་རྡོ་རྗེ་འཆང་གིས་གསུངས་པའི་མཐུ་སྟོབས་ནུས་པའི་བདག་ཉིད་རིག་པ་འཛིན་པ་ལྷོ་པ་དགེ་བཤེས་གྲགས་པ་དོན་ཡོད་དང་ཡང་སྤྲུལ་དགེ་བཤེས་བློ་བཟང་ཤེས་རབ། ཨ་རི་ཐུབ་བསྟན་དར་རྒྱས་གླིང་གི་དབུ་བླ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན། མཁན་ཐོག་གྱ་དྲུག་པ་མཁན་རིན་པོ་ཆེན་རྗེ་བཙུན་བྱང་ཆུབ་སངས་རྒྱས་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མཁས་རྒྱུད་གསེར་རིའི་ཕྲེང་བ་ལྟ་བུ་ཟམ་མ་ཆད་བར་བྱོན་ནོ།
སྐྱེས་ཆེན་དམ་པ་ཁོང་རྣམས་ཀྱི་ལོ་རྒྱུས་རྒྱས་པར་གཟིགས་འདོད་ན་ལོ་རྒྱུས་སྡེ་ཚན་ནང་གཟིགས་རོགས་གནང་། https://www.gadenlhopa.org
དགེ་འདུན་པའི་ཞལ་གྲངས།
ཁང་ཚན་འདི་ལ་སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་དྲུག་བརྒྱ་ལྷག་ཡོད་པ་དང་། བོད་ནས་ཐོག་མར་བཙན་བྱོལ་དུ་དགེ་འདུན་བརྒྱ་བཅུ་གྱ་བདུན་ཕེབས་ཐུབ་པ་བྱུང་བའི་ཁོངས་ནས་ཌལ་ལ་ཧོ་སེ་དང་ལམ་བཟོ་ལ་ཕེབས་མཁན་མང་དག་ཅིག་བྱུང་ཡོད། སྦག་ས་ཆོས་སྒར་དུ་ཕེབས་མཁན་དགེ་འདུན་སུམ་བཅུ་ལྷག་བྱུང་ཡོད་པ་དང་། ཐོག་མར་ས་གནས་འདིར་འབྱོར་སྐབས་དགེ་འདུན་པའི་ཞལ་གྲངས་བཅུ་གསུམ་ཙམ་ལས་མེད། དེ་ལྟའི་ཆར་ས་ཆ་གང་སར་ཕེབས་པའི་དགེ་འདུན་ཞལ་གྲངས་བརྒྱ་དང་དྲུག་ལྔ་བཅུ་རྒལ་བ་ཡོད།
རྟེན་དང་ཡོ་བྱེད་སོགས་ཀྱི་སྐོར།།
དཔལ་ལྡན་ལྷོ་པ་ཁང་ཚན་གྱི་ནང་རྟེན་གཙོ་བོ་སྨན་འདབ་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་ཚད་མ་ན་བཟའ་རང་འགྲིགས། འཇམ་དཔལ་དབྱངས་ཀྱི་སྐུ་མཐོ་ཚད་མ་ལ་རིན་ཆེན་སྣ་ཚོགས་ཀྱི་དབུ་རྒྱན་ཅན་གཅིག སྨན་འདམ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་མི་ཚད་ལ་རིན་ཆེན་དབུ་རྒྱན་སྙན་རྒྱན་བཅས་ལ་ཕྲ་སྣ་ཚོགས་ཀྱིས་བརྒྱན་པ་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བའི་དབུས་སུ་མུ་ཏིག་ནག་གླད་རིན་ཐང་དང་བྲལ་བ་ཁམ་ཚིག་ཙམ་ཡོད་པ་གཅིག གཡས་གཡོན་གཉིས་སུ་འཇམ་དཔལ་དབྱངས། ཕྱག་རྡོར་བཞེངས་སྟབས་ཀྱིས་བཞུགས་པ། སྨན་འདབ་ལས་གྲུབ་པའི་སྟག་རྩེ་ཇོ་བོ་མི་ཚད་མར་ན་བཟའ་དབུ་བརྒྱན་རིན་ཆེན་སྣ་ཚོགས་ཀྱིས་ཕྲས་བརྒྱན་པ་གཅིག གསེར་ཟངས་ཀྱི་རྗེ་རིན་པོ་ཆེའི་སྐུ་མི་ཚད་མ་བཟའ་རང་འགྲིགས་གཅིག གསེར་བཟང་གི་ཐུང་དབང་མི་ཚད་མ་གཅིག ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་ཕྱག་བཟོར་གྲགས་པ་པཎ་ཆེན་བསོད་གྲགས་ཀྱི་འདྲ་སྐུ་མི་ཚད་མ་ན་བཟའ་རང་འགྲིགས་བྱིན་ཅན་གཅིག སྨན་འདབ་ལས་གྲུབ་པའི་རྗེ་བཙུན་སྒྲོལ་དཀར་གྱི་སྐུ་བརྙན་མི་ཚད་མ་ལ་དབུ་རྒྱན་སྙན་རྒྱན་འགུལ་རྒྱན་བཅས་ལ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ་གཅིག སྨན་འདབ་ལས་གྲུབ་པའི་ཕུར་ལྕོག་ངག་དབང་བྱམས་པའི་འདྲ་སྐུ་མི་ཚད་མ་ན་བཟའ་རང་འགྲིགས་བྱིན་ཅན་གཅིག རྒྱལ་སྲས་སྐལ་བཟང་འཇིགས་མེད་ཀྱི་འདྲ་སྐུ་ཕྲུ་གང་ལྷག་ཙམ་གཅིག གསེར་བཟང་ཀྱི་རྗེ་མི་ལའི་འདྲ་སྐུ་གཉིས། གསེར་ཟངས་ཀྱི་རྗེ་ཡབ་སྲས་གསུམ་སྐུ་མདའ་ཚད་མ་ཆ་ཚང་གཅིག་སོགས(གཞན་ཡང་དུ་མ་ཞིག་མཆིས་པས་ཐམས་ཅད་འདིར་ཡི་གེར་མང་དོགས་པས་གཟིགས་འདོད་ན་གྲྭ་ཚང་གི་ཆོས་འབྱུང་གཉིས་པའི་ནང་ཞིབ་ཕྲ་ཡོད་པས་དེར་གཟིགས་པར་འཚལ།) བྱིན་ཅན་དུ་མ་བཞུགས།།
སྐུ་ཐང་གྲས། བླ་མཆོད་ཚོགས་ཞིང་དང་། ལམ་རིམ་ཚོགས་ཞིང་བཅས།༢ གནས་བཅུ་ཆ་ཚང་ཡོད་པའི་སྐུ་ཐང་༡། སྒྲོལ་མ་འཇིགས་བརྒྱད་ཀྱི་སྐུ་ཐང་།༡ དགའ་ལྷའི་སྐུ་ཐང་༤། ཆོས་སྐྱོང་བསེ་ཁྲབ་ཀྱི་སྐུ་ཐང་ཆེ་ཆུང་༣། དཔའ་ལྡན་ལྷ་མོའི་སྐུ་ཐང་༡། ཤིང་ལིའི་པད་སྤུུངས་མཆོད་རྟེན།༢ དངུལ་གྱི་གའུ་གཟིའུ་ཡི་གཟུགས༡བཞུགས། གསུང་རྟེན། བརྒྱད་སྟོང་། གཟུངས་བསྡུས། གྲ་རྟོགས་གསེར་གསུམ། མཚན་ཉིས་ཡིག་ཆ་ཁག་བཅས་པོད་གྲངས།༣༠ ཙམ་ཡོད།
ཁང་ཚན་གྱི་ཉེ་ལོག་ཇི་ཡོད་སྐོར།
ཁང་ཚན་འདིའི་ཉེ་ལོག་གྲྭ་ཚང་རང་ཁུངས་ནས་ཡིན་པ་ཉག་རེ་ཁང་ཚན། ཅོ་ནེ་ཁང་ཚན། ཟུང་ཆུ་ཁང་ཚན་བཅས་གསུམ་དང་། དགའ་ལྡན་བྱང་རྩེའི་ཁུངས་ནས་གསེར་ཀོང་ཁང་ཚན། ཧར་གདོང་ཁང་ཚན། རྒྱང་རོང་ཁང་ཚན། ཏྲེ་ཧོར་ཁང་ཚན། གོ་བོ་ཁང་ཚན་བཅས་ཡོད། དེ་དག་ཉེ་ལོག་ཡིན་ཚུལ་ནི་ཉག་རེ་ལྟ་བུ་འགའ་ཞིག་སྣ་ཆེན་གྱི་སྒོ་ནས་དང་། གོ་བོ་ལྟ་བུ་འགོ་ཁྲིད་མཐུན་པའི་ཆ་ནས་དང་། ཏྲེ་ཧོར་ནི་ཕལ་ཆེར་གླིང་དང་འབྲེལ་བ་མིན་ནམ་སྙམ། ཧར་གདོང་དང་ཉེ་ལོག་འགྲོ་ཚུལ་ནི་དམིགས་བསལ་བ་ཞིག་ཡིན་པར་མངོན། སྔོན་དུས་སུ་ཧར་གདོང་ཁང་ཚན་གྱི་རྒན་སོག་པོས་བྱེད་དགོས་པ་དང་། གལ་སྲིད་སོག་པོ་མེད་ན་ཁང་ཚན་རྒན་ལྷོ་པ་ནས་འགྲོ་དགོས་པའི་ལོ་རྒྱུས་ཤིག་ཡོད་པ་འདྲ། སྤྱིར་སེར་འབྲས་སོགས་ཕྱོ་ལོགས་ཀྱི་ཁང་ཚན་རྣམས་ཉེ་ལོག་འགྲོ་ཚུལ་ཕལ་ཆེ་བ་ནི་ལུང་ཚན་གྱི་ཐོབ་ཁུངས་མཐུན་པ་རྣམས་ལ་བྱེད་ཀྱི་ཡོད། འོ་ན་ཉེ་ལོག་དེ་དག་འབྲེལ་ལམ་ཇི་ལྟར་ཡོད་ཅེས་ན། ལྷོ་པ་ཁང་ཚན་གྱི་ཁོངས་ནས་གོང་ལ་ཞུ་གཏུགས་བྱེད་དགོས་ཀྱི་རིགས་བྱུང་ན་ཉག་རེ་དང་ཟུང་ཆུ་གཉིས་ཀྱི་སྣེ་ལེན་དང་འབྲེལ་བའི་སྒོ་ནས་བྱེད་དགོས། བྱང་རྩེའི་ནང་དུ་བསྙེན་བཀུར་ཞུ་བ་དང་། གཞན་གྱི་ལས་སྒོ་གང་ཡོད་ཀྱང་ཉེ་ལོག་ཀྱི་ཁང་ཚན་དང་འབྲེལ་བའི་སྒོ་ནས་བྱེེད་དགོས། ཤར་རྩེའི་ནང་དུ་ཡང་བསྙེན་བཀུར་སོགས་ཀྱི་སྐབས་ལས་ཀ་བྱེད་མཁན་དང་། ལག་བདེ་སོགས་དགོས་གལ་བྱུང་ན་ཉེ་ལོག་དེ་དག་དང་འབྲེལ་བ་བྱེད་ཀྱི་ཡོད། དེ་ལྟར་དཔལ་ལྡན་ལྷོ་པ་ཁང་ཚན་ཞེས་གྲགས་པ་ཕྱི་ནང་གི་མཛད་རིམ་ཁག་ཚགས་ཚུད་གྲ་མ་ཉམས་གྲུམ་ཞིག་པ་ཡོད་པ་མ་ཚད་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་གསེར་རེའི་ཕྲེང་བ་ལྟར་བྱུང་དང་བྱུང་བཞིན་པ་དེ་ལྟར་ལགས་ཀྱང་། རང་ཅག་ཁ་བ་རི་པ་སྤྱི་ལ་འཕྲད་པའི་རྐྱེན་ངན་དེ་ཉིད་བཟློག་ཏུ་མེད་པར་ཁང་ཚན་འདི་ཉིད་ལ་འཕྲད་པ་ནི་བཤད་པ་ཅི་དགོས། དེ་ལྟ་བུའི་ཛ་དྲག་གི་གནས་ཚུལ་དེའི་སྐབས་ཁང་ཚན་གྱི་དགེ་འདུན་པ་མི་ཉུང་བ་ཞིག་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་རྗེས་སུ་བསྙེགས་ནས་གོམ་ཁ་ལྷོ་རུ་བསྒྱུར། དེའི་སྐབས་འགའ་ཞིག་བསྟན་སྲུང་དང་དང་བླང་དམག་གི་ནང་དུ་ཞུགས་ནས་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་རྒྱ་ཆེ་བསྐྱངས་ཡོད། མདོར་ན་བོད་ཁ་བ་ཅན་པའི་བསོད་ནམས་ཟད་མཐར་མ་ཐུག་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་འཁོར་ཉེན་མེད་ཐོག་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་པའི་རྗེས་རིམ་བཞིན་གྲྭ་ཚང་གི་གྲྭ་པ་གཞན་རྣམས་དང་གཅིག་མཚུངས་ལྷོ་པ་ཁང་ཚན་གྱི་དགེ་འདུན་མི་ཉུང་བ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ཐུབ་པ་བྱུང་ཡོད།།
ནང་རྟེན་སྐོར།།
ཚོམས་ཆེན་གྱི་ནང་དུ་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་བྱོན་ལེགས་ལ་མཇལ་སྤྲོ་བ་མི་ཚད་ལས་ཆེ་བ་ན་བཟའ་གོས་རྒྱན་དང་བཅས་པ། གཡས་སུ་གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ། དེའི་གཡས་སུ་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་སྐུ་ན་བཟའ་རང་འགྲིགས། དེའི་གཡས་སུ་མདོ་ཁམས་ཀྱི་དབང་ཕྱུག་དཔལ་ལྡན་ལྷ་མོའི་སྐུ་གསེར་ཟངས་ལས་གྲུབ་པ་དྲིལ་རྟ་དང་། གདོང་ཅན་གཉིས་བཅས་འགུལ་རྒྱན་དང་ན་བཟའ་བཅས་ཆ་ཚང་བ་གཅིག རྟེན་མཐོའི་གཡོན་དུ་གསེར་ཟངས་ལས་གྲུབ་པའི་པཎ་ཆེན་བསོད་ནམས་གྲགས་པའི་འདྲ་སྐུ་དང་། དེའི་གཡོན་དུ་གསེར་ཟངས་ལས་གྲུབ་པའི་སྒྲོལ་དཀར་གྱི་འདྲ་སྐུ། དེའི་གཡོན་དུ་མདོ་ཁམས་ཀྱི་བདག་མོའི་རྟེན་སྒམ་དང་ལོ་གཏོར། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གཡང་སྒམ་བཅས་ཡོད། དྲ་མིག་གོང་མའི་ནང་དུ་རྒྱལ་བ་ཡབ་སྲས་གསུམ་གྱི་སྐུ་པར། གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་འདྲ་སྐུ། འདི་དང་ལྷ་མོའི་རྟེན་སྒམ་ནང་དུ་ཡོད་པའི་ལྷ་མོའི་སྐུ་འདི་གཉིས་ནི་མོན་གྷོ་ལ་སླེབས་ནས་ལྷོ་པ་ཁང་ཚན་གྱི་རྟེན་ཐོག་མ་དེ་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ། གཞན་ཡང་རྗེ་བཙུན་བྱམས་པ་དང་ཐུབ་དབང་གི་སྐུ་སོགས་ཆེ་ཆུང་ཀུན་བསྡོམས་པ་བཅུ་ཕྲག་བརྒལ་བ་ཡོད།
དཔལ་ལྡན་ལྷ་མོའི་ཞལ་ཐང་གི་རྒྱབ་ཏུ་ཡོངས་འཛིན་གླིང་རིན་པོ་ཆེའི་ཕྱག་རྗེས་དང་། གླིང་རིན་པོ་ཆེའི་ཕྱག་བྲིས་ཨོྃ་ཨཱ་ཧུཾ་ཞེས་པའི་ཡིག་འབྲུ་གསུམ་འཁོད་པ་བྱིན་ཅན་ཞིག་དང་། གོས་ཆེན་བཏག་དྲུག་མའི་ཐུབ་དབང་གི་ཞལ་ཐང་གྲངས་༦ལ་ལྕགས་གོསཆེན་གྱིས་བརྒྱན་པའི་གདུང་ཁེབས ༡། ཡང་རྒྱུ་གོང་མཚུངས་ཀྱི་སྒྲོལ་མའི་ཞལ་ཐང་གྲངས ༣༠ དང་། རྗེའི་ཞལ་ཐང་གྲངས ༤༢ ལ་ལྕགས་གོས་ཆེན་གྱིས་བརྒྱན་པའི་གདུང་ཁེབས ༡། མཐའ་ལྕགས་གོས་ཆེན་དམར་སེར་གྱིས་བརྒྱན་པའི་མགོན་ཆོས་ལྔའི་བསྐང་རྫས་ཆེ་ལེགས ༡། མཐའ་ལྕགས་གོས་ཆེན་ལས་གྲུབ་པའི་ལྟུང་བཤགས་ལྷ་སོ་ལྔའི་ཞལ་ཐང་ཆེ་བ ༡། མཐའ་ལྕགས་གོས་ཆེན་གྱིས་བརྒྱན་པའི་བླ་མཆོད་ཚོགས་ཞིང་གི་ཞལ་ཐང་ཆེ་ལེགས ༡། མཐའ་ལྕགས་གོས་ཆེན་གྱིས་བརྒྱན་པའི་རྗེ་གཟིགས་པ་ལྔ་ལྡན་གྱི་ཞལ་ཐང་ཆུང་བ་གྲངས ༥། གོས་ཆེན་བཏག་དྲུབ་ཀྱི་རྒྱན་དྲུག་མཆོག་གཉིས་ཞལ་ཐང་སྤུས་ལེགས་གྲངས ༩། མཐའ་ལྕགས་གོས་ཆེན་གྱིས་བརྒྱན་པའི་ཡིད་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་ཐང་ཆེ་ལེགས ༡། སྟོན་པ་ཐུབ་པའི་དབང་པོ་སྐུ་བལྟམས་པ་དང་།
རྒྱལ་སྲིད་བཞེས་པ། མྱ་ངན་ལས་འདས་པ་གསུམ་གྱི་མཛད་པ་འཁོད་པའི་སྐུ་ཐང་གྲངས ༡། དགའ་ལྡན་ལྷ་བརྒྱ་མའི་སྐུ་ཐང་གྲངས ༡། རྡོ་རྗེ་སེམས་དཔའ་དང་། རིགས་གསུམ་མགོན་པོ་འཁོད་པའི་སྐུ་ཐང་གྲངས ༡། གཙོ་བོ་འོད་དཔག་མེད་དང་། སྟེང་དུ་རིགས་གསུམ་མགོན་པོ། འོག་ཏུ་སྐྱེས་བུ་གསུམ་གྱི་སྲུང་མ་འཁོད་པའི་ཞལ་ཐང་བྱོན་ལེགས་པ། ༡། དཔལ་ལྡན་ལྷ་མོའི་ཞལ་ཐང་ཆེ་ལེགས། ༡། རྣམ་ཐོས་སྲས་ཀྱི་ཞལ་ཐང་ཆེ་ལེགས ༡།མཐའ་ལྕགས་གོས་ཆེན་དང་དར་ཚོན་སྣ་ལྔས་བརྒྱན་པའི་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་། མགོན་ཆོས་ལྔའི་ཞལ་ཐང་ཆེ་ལེགས་གྲངས་ ༦སོགས་བཞུགས་ཡོད། །གསུང་རྟེན་ནི། ཚོམས་ཆེན་ནང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། རྗེ་ཡབ་སྲས་ཀྱི་གསུང་འབུམ། གཞན་ཡང་གཞུང་ཆེན་ཁག་གི་ཕྱག་དཔེ་མང་པོ་བཞུགས། དཔེ་མཛོད་ནང་དུ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱིས་གཙོས་པའི་གསུམ་འབུམ་ཁག རྒྱ་གར་མཁས་པའི་གསུང་གཞུང་ཆེན་དང་དེའི་འགྲེལ་བ། བོད་ཀྱི་མཁས་པའི་གསུང་གཞུང་ཆེན་ཁག་གི་འགྲེལ་བ། ཆོས་འབྱུང་། རྒྱལ་རབས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དང་འགྲེལ་པ་སྣ་ཚོགས། བོད་ཀྱི་གསོ་བ་རིག་པའི་གཞུང་གི་སྐོར། རྩིས་ཀྱི་སྐོར། རིག་གསར་ཚན་རིག་སྐོར། གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ། གཞན་ཡང་སྙན་རྩོམ་དང་དུས་དེབ་སོགས་མཐའ་ཡས་པ་བཞུགས།
ཐུགས་རྟེན་ནི། ཚོམས་ཆེན་ནང་དུ་བཀའ་གདམས་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། བྱང་ཆུབ་མཆོད་རྟེན་སོགས་བཞུགས།
ཆོས་ཕྱོགས་ཀྱི་མཛད་རིམ་ནི། བཀའ་འགྱུར་དག་སྒྲོག་མ་གཏོགས་སྔར་བོད་དུ་ཡོད་པ་རྣམས་ཆ་ཚང་བ་ཡོད་པས་སླར་ཡང་འདིར་རེ་རེ་བཞིན་བཤད་པ་ལ་དགོས་པ་ཆེར་མ་མཐོང་བས་མ་བཀོད། མི་འདྲ་བ་ནི་འདིར་ཟླ་བསྐང་གྲྭ་མང་ཚོགས་བཞིན་ཡོད། ། རྒྱས་པར་ཁང་ཚན་གྱི་ཆོས་ཕྱོགས་མཛད་རིམ་གྱི་ལས་ཚན་ནང་གཟིགས་རོགས།
bottom of page